ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་པེ་ཅིང་དུ་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱལ་སྤྱིའི་འགྲོི་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ། ཁ་སང་སྤྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཉེ་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གྲོང་ཁྱེར་གཞུང་གིས་མེ་སྐྱོན་ཞིག་ལ་ཁ་གཡར་ནས་ཕྱི་ལོགས་ནས་ཡོང་བའི་མི་རྣམས་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་འཇུག་བཞིན་ཡོད་པ་དང་། མི་མང་དེ་དག་གིས་ང་ཚོར་སྲིད་གཞུང་གིས་ཉི་མ་༤༠་ཞེ་གྲངས་ཀྱི་ནང་ཚུད་དུ་གནས་སྤོར་བྱས་ཚར་དགོས་པའི་བཙན་བཀའ་བཏང་བ་འོས་འཚམས་ཤིག་མ་རེད་ཅེས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། མི་མང་ངོ་རྒོལ་བ་རྣམས་འདུ་འཛོམས་བྱ་ཡུལ་ས་གནས་གཅིག་ནི་པེ་ཅིང་གི་ཁྲོ་དབྱང་ས་ཁུལ་གྱི་ཚྰོས་ཀི་གྲོང་ཡུལ་ཚོའི་ཧྥེ་ཅ་སྡེ་བ་ཡིན་ཞིང། ས་གནས་དེར་ངོ་རྒོལ་བྱེད་མཁན་ཞིག་གིས་གསར་འགོད་པར་བརྗོད་གསལ་ལ་སྡེ་བ་དེའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒོ་ཁར་ངོ་རྒོལ་བྱེད་མཁན་སྟོང་ཕྲག་གཅིག་འདུས་ཡོད་ཅིང་། མ་མཐའ་ཡང་ངོ་རྒོལ་བྱེད་མཁན་གྲས་ཀྱི་མི་གཅིག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་སོང་ཞེས་བརྗོད་འདུག ཚྰོས་ཀི་གྲོང་ཡུལ་ཚོ་ནི་པེ་ཅིང་དུ་མིང་གྲགས་ཡོད་པའི་སྒྱུ་རྩལ་གྱི་གྲོང་ཚོ་སྟེ། པེ་ཅིང་༧༩༨་སྒྱུ་རྩལ་པའི་འདུ་གནས་ཅེས་པའི་ས་གནས་དང་ཐག་ཉེ་བོ་ཡོད། ས་གནས་འདིར་པེ་ཅིང་ཕྱི་ལོགས་ནས་ཡོང་བའི་སྒྱུ་རྩལ་གྱི་ལས་རིགས་གཉེར་མཁན་དང་ལས་རིགས་གཞན་པ་གཉེར་མཁན་སོགས་མི་མང་པོ་འདུ་སྡོད་བྱ་ཡུལ་ཞིག་ཡིན་ཞིང་། ས་གནས་འདིའི་ལམ་ཁ་གཡས་གཡོན་དུའང་པེ་ཅིང་ཕྱི་ལོགས་ནས་ཡོང་བའི་ངལ་རྩོལ་པ་ཚོ་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་འཇུག་བཞིན་པར་ངོ་རྒོལ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་འབོད་སྐུལ་ཞུ་བའི་སྦྱར་ཡིག་ཁག་ཅིག་ཀྱང་སྦྱར་ཡོད་པ་དང་། གཞན་ཡང་པེ་ཅིང་གྲོང་ཁྱེར་གྱི་ལྷོ་རྒྱུད་རྒྱུད་ས་གནས་ཤིག་ཏུ་ངོ་རྒོལ་བ་སྐོར་ཞིག་གིས་ལམ་ཁ་བཀག་ནས་ངོ་རྒོལ་བྱས་ཡོད་པས་གཞུང་གིས་ས་གནས་དེར་ཆུ་དང་གློག་ཡོངས་སུ་བཅད་པའི་གནས་ཚུལ་ཐོན་འདུག ད་དུང་པེ་ཅིང་གྲོང་ཁྱེར་གཞུང་གིས་བཙན་བཀའ་བཏང་ནས་ས་ཆ་གཞན་ལ་གནས་སྤོར་བྱེད་དུ་བཅུག་ཡོད་པའི་མི་རྣམས་ཀྱིས་རང་གི་ངོ་རྒོལ་བྱ་ཡུལ་ཁག་དང་ཁང་པ་གླས་ནས་སྡོད་སའི་ཉེ་འགྲམ་སོགས་སུ་གཞུང་གི་བྱེད་སྟངས་དེར་འདོད་པ་མེད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་ཅིང་། ད་སྔ་གཞུང་གིས་མི་མང་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་བཅུག་པ་དེས་མི་མང་གི་འཚོ་བར་བརྡབ་གསིག་ཆེན་པོ་ཕོག་སྟེ་ཐེངས་འདིར་དུས་བཀག་གི་ནང་དུ་ངེས་པར་དུ་གནས་སྤོར་བྱེད་ཚར་དགོས་ཞེས་བཙན་བཀའ་གཏོང་ཡུལ་གྱི་མི་མང་གི་གྲས་སུ་དབང་པོ་སྐྱོན་ཅན་དང་སྦྲུམ་མ། བྱིས་པ་དང་ནད་པ་བཅས་འགྲོ་སྐྱོད་སོགས་ལ་སྟབས་མི་བདེ་མཁན་མང་པོ་ཞིག་ཚུད་ཡོད། པེ་ཅིང་གྲོང་ཁྱེར་གྱི་དམར་ཕྱོགས་ཚོགས་པའི་དྲུང་ཆེས་ནམ་རྒྱུན་མི་མང་གི་བདེ་སྡུག་ལ་དོ་ཁུར་ལེན་དགོས་ཞེས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་རྣམས་དོན་ངོ་མའི་གནད་འགག་ལ་ཐུག་དུས་ཁྱབ་བསྒྲགས་དེར་དགེ་མཚན་ཅི་ཡང་མི་འདུག་ཅེས་མི་ཁ་ཤས་ཀྱིས་གསར་འགོད་པར་བརྗོད་འདུག རྒྱ་ནག་གཞུང་གིས་ཟླ་འདིའི་ཚེས་༡༥་བར་དུ་མི་རྣམས་གནས་སྤོར་བྱེད་ཚར་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། མཚན་ལ་གཏོར་བཅོམ་པ་མངགས་ནས་མི་མང་གི་ཁང་པའི་སྒོ་དང་སྒེའུ་ཁུང་བཅགས་ཏེ་འཇིགས་སྐུལ་བཞིན་པ་མ་ཟད། མི་མང་ལ་གློག་དང་ཆུ་སོགས་གཅོད་རྒྱུ་ཡིན་ཞེས་འཇིགས་སྣང་ཡང་ཡང་སྐུལ་བཞིན་ཡོད། མི་མང་ཁ་ཤས་ཀྱིས་སྲིད་འཛིན་ཞིས་ཅིན་ཕིང་ཡང་མི་དམངས་ཀྱི་དཀའ་ངལ་ཤེས་མཁན་ཞིག་མ་རེད་ཅེས་བརྗོད་འདུག དེང་སྐབས་པེ་ཅིང་ནི་ཧ་ཅང་གྲང་ངར་ཆེ་བའི་དུས་སྐབས་ཡིན་པ་དང་། ཁང་པ་གླས་ནས་བསྡད་ཡོད་པའི་མི་མང་པོ་ཞིག་ལ་དགུན་གྱི་གྲང་ངར་གྱི་ཁྲོད་དུ་གནས་སྤོར་བྱ་ས་ཡོད་མེད་ཀྱང་ངེས་གཏན་མེད། ད་དུང་སྒོ་བརྒྱབ་མེད་པའི་ཚོང་ཁང་གི་ཚོང་བདག་མང་པོ་ཞིག་གིས་ཚོང་རྫས་རྣམས་གཙང་མ་བཟོ་བྱེད་བཞིན་ཡོད་ཅིང་། ད་ལོའི་སྤྱི་ཟླ་༡༡་པའི་ཚེས་༡༨་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མེ་སྐྱོན་ཆེན་པོ་ཞིག་བྱུང་མས་བྱིས་པ་༨་ཚུད་པའི་མི་༡༩་ལ་སྲོག་སྐྱོན་བྱུང་སྟེ། མེ་སྐྱོན་བྱུང་ས་དེ་ཉིད་རྒྱ་ནག་གི་པེ་ཅིང་གྲོང་ཁྱེར་གྱི་ཏྰ་ཞིན་ཞེས་པའི་ས་ཁུལ་གྱི་ཞིས་ཧྰོང་མིན་ཟེར་པའི་གྲོང་རྡལ་དུ་ཡིན། གྲོང་རྡལ་དེར་ས་ཆ་གཞན་ནས་ཡོང་བའི་ཞོར་ལས་པ་མང་པོས་ཁང་པ་གླས་ནས་གནས་སྡོད་བྱེད་ཀྱི་ཡོད་ཀྱང་མེ་སྐྱོན་བྱུང་བའི་རྗེས་སུ་གཞུང་གིས་མི་མང་དེ་དག་གི་གནས་སྟངས་ལ་གཟིགས་ནས་སྡོད་ཁང་གོ་སྒྲིག་བྱ་རྒྱུ་སོགས་གནས་སྐབས་ཀྱི་འགྲོ་ལུགས་སྡོད་སྟངས་གང་ཡང་རོགས་སྐྱོར་མ་བྱས་པར་ཉིན་༤༠་ནང་དུ་པེ་ཅིང་གི་ཡུལ་མི་མིན་པའི་ཕྱི་ལོགས་ནས་ཡོང་བའི་མི་རྣམས་ཕྱི་ལ་གནས་སྤོར་བྱས་ཚར་དགོས་ཞེས་གཙང་སེལ་གྱི་ལས་འགུལ་སྤེལ་པ་དང་ཕྱི་ལོགས་ནས་ཡོང་བའི་མི་རྣམས་གནས་སྤོར་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད།།

XS
SM
MD
LG