ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ལམ་ལུགས།


ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་ཡིག་གི་དྲ་ངོས་སུ་རྒྱ་ནག་གི་དཔལ་འབྱོར་གནད་དོན་དང་ཆབ་སྲིད་ལམ་ལུགས་གཉིས་གཤིབ་བསྡུར་གྱིས་དབྱེ་ཞིབ་རྩོམ་ཡིག་ཅིག་སྤེལ་ཏེ། ད་ལྟའི་རྒྱ་ནག་གི་འཕེལ་རྒྱས་ནི་དུས་རབས་འདིའི་ནང་གི་གླེང་གཞི་ཆེ་ཤོས་ཤིག་ཡིན་མོད། ཡིན་ནའང་ཨ་རིའི་དཔལ་འབྱོར་རིག་པ་བ་ཞིག་གིས་བརྗོད་གསལ་ལ་རྒྱ་ནག་གི་དར་རྒྱས་ལས་ཀྱང་གླེང་གཞི་ཆེན་པོ་ཞིག་མ་འོངས་པར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ནས་འབྱུང་ངེས་ཡིན་པས་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེན་ལ་གདོང་ལེན་ཇི་ལྟར་བྱ་ཐུབ་རྒྱུ་ཡིན་མིན་ལ་ཐུག་ཡོད་པ་གནད་དོན་ཆེན་པོ་ཞིག་རེད་ཅེས་བཤད་འདུག་ཅིང་། སྤྱིར་ཨ་རི་ལྟ་བུར་མཚོན་ན་དུས་རབས་ཉི་ཤུ་པ་འགོ་ཚུགས་ནས་བཟུང་སྟེ་དཔལ་འབྱོར་ཉམས་རྒུད་ཐེངས་༢༣་བྱུང་མྱོང་ཡོད་ཀྱང་ཉམས་རྒུད་གྱི་དུས་སྐབས་དེ་ཡོལ་ཚར་དུས་དཔལ་འབྱོར་སླར་ཡང་སྔར་ལས་ལྷག་པའི་ཡར་རྒྱས་བྱུང་ཡོད་ལུགས་དང་། རྒྱ་ནག་ལ་མཚོན་ན་དཔལ་འབྱོར་དར་རྒྱས་འགོ་ཚུགས་པ་ནས་ད་ལྟའི་བར་དུ་རྒྱ་ནག་གི་དཔལ་འབྱོར་ལ་དོན་དངོས་སུ་ཉམས་རྒུད་ཆེན་པོ་ཅི་ཡང་བྱུང་མྱོང་མེད་པས་དེའི་ཐད་དུ་ཉམས་མྱོང་ཅི་ཡང་མེད་མོད། ཡིན་ནའང་དཔལ་འབྱོར་ཉམས་རྒུད་ཀྱི་ཉེན་ཁ་ནི་ངེས་པར་དུ་ཡོང་སྲིད་པ་ཞིག་ཡིན། སྤྱིར་རྒྱ་ནག་གི་སྲིད་གཞུང་སྟོབས་ཤུགས་ཆེན་པོ་ཡིན་པས་དཔལ་འབྱོར་གྱི་ཉེན་ཁ་ཁག་ཅིག་འགོག་ཐབས་དང་། ལེགས་ཆ་ཁག་ཅིག་རྒྱུན་འཁྱོངས་བྱེད་ཐུབ་པའི་ནུས་པ་ཡོད་སྲིད། གལ་ཏེ་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེན་ཀ་འབྱུང་ན་གནས་ཚུལ་ཅི་ཞིག་ལ་འགྱུར་རྒྱུ་ཡིན་མིན་སྔོན་ནས་ཚོད་དཔག་ཐུབ་དགོས། རྒྱ་ནག་ལ་མ་འོངས་པར་དངུལ་རྩའི་ཉམས་ཉེན་སོགས་དཔལ་འབྱོར་ཉམས་རྒུད་ཀྱི་ཉེན་ཁ་ཞིག་བྱུང་བ་ཡིན་ན་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱིས་གདོང་ལེན་བྱ་ཐུབ་མིན་དྲི་བ་ཆེན་པོ་ཞིག་ཡིན་ཞེས་ཨ་རིའི་དཔལ་འབྱོར་རིག་པ་བ་རི་ཆར་ཌི་ཤཱར་མས་བརྗོད་འདུག དཔལ་འབྱོར་རིག་པ་བ་ཤཱར་མར་ལོ་ངོ་༢༣་རིང་ལ་དཔལ་འབྱོར་གྱི་ལས་དོན་བསྒྲུབས་པའི་ཉམས་མྱོང་ཡོད་པ་པ་མ་ཟད། ཁོང་གིས་ཉམས་མྱོང་གཞི་ལ་བཞག་ནས་བྲིས་པའི་རྒྱལ་ཁབ་ཀྱི་དར་རྒུད་ཅེས་པའི་དེབ་ནི་སྤྱི་ཚོགས་སུ་ཧ་ཅང་རྒྱུག་ཆེ་བའི་དེབ་ཅིག་ཏུ་གྱུར། ཁོང་གིས་རྒྱ་ནག་གི་དངུལ་རྩའི་གནད་དོན་གྱི་ངོས་ནས་རྒྱ་ནག་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ནས་བུ་ལོན་གཡར་མཁན་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། ཁོ་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་པའི་ཆེད་དུ་འདས་པའི་ལོ་དྲུག་བདུན་ཞིག་ལ་འབད་བརྩོན་བྱས་ནས་རྒྱ་ནག་ཧ་ཅང་གི་ཕྱུག་པོར་གྱུར་ཀྱང་ད་དུང་མུ་མཐུད་དུ་བུ་ལོན་ཤུགས་ཆེན་པོ་གཡོར་བཞིན་འདུག་ཅེས་དང་། གཞན་ཡང་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་བསྡོམས་འབོར་གྱིས་འཛམ་གླིང་གི་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆའི་༡༢་ཟིན་རུང་། རྒྱ་ནག་གི་དངུལ་ལོར་རྒྱལ་སྤྱི་ཅན་དུ་བསྒྱུར་པར་གྲུབ་འབྲས་ཅི་ཡང་ཐོན་མེད། རྒྱལ་སྤྱིའི་དངུལ་ལོར་འཁོར་རྒྱུག་གི་སྡུར་ཚད་ལ་བལྟས་ན་རྒྱ་སྒོར་གྱི་སྡུར་ཚད་དེ་བརྒྱ་ཆ་གཅིག་ལས་ཟིན་མེད་པས་རྒྱ་སྒོར་དེ་རྒྱལ་སྤྱིའི་ཉོ་ཚོང་གི་ནང་དུ་བེད་སྤྱོད་མེད་པར་གྱུར་ཡོད། ཨ་སྒོར་ལ་མཚོན་ན་རྒྱལ་སྤྱིའི་དངུལ་ལོར་གྱི་གསུམ་ཆའི་གཉིས་ཟིན་ནས་རྒྱལ་སྤྱིའི་ཉོ་ཚོང་གི་བརྒྱ་ཆ་༩༠་ཙམ་ལ་ཨ་སྒོར་སྤྲོད་ལེན་བྱེད་ཀྱི་ཡོད་ཅིང་། གོང་གི་གནས་ཚུལ་འདི་དག་གི་འབྱུང་རྐྱེན་ནི་རྒྱ་ནག་གིས་དངུལ་སྒོར་གྱི་འཛའ་ཐང་ཚོད་འཛིན་བྱ་རྒྱུ་ཐལ་དྲགས་པ་ཡིན་སྲིད། ཁོ་ཚོས་རྒྱལ་ནང་དུ་དངུལ་སྒོར་གཏོང་ལེན་ལ་དེ་ལྟར་དམ་དྲག་བྱེད་དགོས་པའི་དམིགས་ཡུལ་གཅིག་ནི་རྒྱ་ནག་གི་དངུལ་སྒོར་ཕྱིའི་རྒྱལ་ཁབ་ཁག་ལ་གཏོང་རྒྱུ་མང་དྲགས་ཀྱི་ཡོད་སྲིད་པའི་ཉེན་ཁ་འགོག་ཐབས་ཤིག་དང་། ། གཉིས་ནས་ད་ལྟ་རྒྱ་ནག་གིས་བུ་ལོན་མང་པོ་གཡར་ཡོད་པའི་ངོས་ནས་གནད་དོན་འབྱུང་སྲིད་པར་འཛེམ་ཟོན། ཨ་རིས་ཨ་ཤེ་ཡའི་མངའ་ཁུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་དབང་ཚད་དེ་རྒྱ་ནག་ལ་འཆར་སྲིད་ཅེས་འཁོད་འདུག སྤྱིར་ས་ཁུལ་ཉེ་འབྲེལ་ལ་བརྟེན་ནས་དཔལ་འབྱོར་སོགས་ཀྱི་འབྲེལ་ལམ་ཚུགས་བདེ་བ་དངོས་ཡོད་ཅིག་ཡིན་ཡིན་པ་སྟེ། དཔེར་ན་ཨ་རིའི་ཀུ་ཤུ་བཟོ་ཚོང་ཁང་གིས་འཛམ་གླིང་གི་ས་གནས་གང་དུ་ཡིན་རུང་བཟོ་གྲྭ་འཛུགས་ཆོག་པ་ལྟར་ཡིན་ཞིང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་དེ་ཉིད་ཉེ་འཁོར་གྱི་རྒྱལ་ཁབ་དག་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་རུང་ཨེ་་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་དག་ལ་རྒྱུད་གཅིག་ལམ་གཅིག་གི་ཁོངས་སུ་མཉམ་ཞུགས་བྱས་པའི་ཁེ་ཕན་ལས་ཨ་རི་དང་རྒྱ་ནག་གི་འགྲན་རྩོད་ཀྱི་བར་དུ་ཁེ་ཕན་ལེན་རྒྱུ་དེ་བས་ཀྱང་གལ་ཆེ་བ་ཞིག་ཆགས་ཡོད་ཅེས་འཁོད་འདུག

XS
SM
MD
LG