ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། དེང་སྐབས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་འབར་མ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། དེ་རིང་གཟའ་མིག་དམར་ཉིན་འབར་མའི་དབུ་ཁྲིད་ཨང་སན་སུ་ཇིས་བླ་ཆེན་ཕོབ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཏེ། བླ་ཆེན་མཆོག་གིས་འབར་མའི་གཞུང་ལ་ཡུལ་དེའི་རིགས་ཚོ་ཁག་གི་ཐོབ་ཐང་དང་ངོ་བོ་བཅས་པར་སྲུང་སྐྱོབ་བྱ་དགོས། དྲང་སྙོམས་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱས་ན་གཞི་ནས་ཞི་བདེ་ཐོབ་ཐུབ་ཅེས་ནན་བརྗོད་གནང་བ་ལས། ཁོང་གིས་འབར་མའི་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཞེས་དངོས་སུ་མིང་འབོད་གནང་ཐུབ་མེད་ཅིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བླ་ཆེན་ཕོབ་མཆོག་ལ་འབར་མའི་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཞེས་དངོས་སུ་མིང་འདོན་གནང་དགོས་པའི་འབོད་སྐུལ་ཞུས་རུང་། འབར་མའི་ཡེ་ཤུ་ཆོས་དད་པ་ཚོས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཞེས་ནམ་ཡང་གསུང་མི་ཉན། འབར་མའི་གཞུང་དམངས་གཉིས་ཀས་རང་ཡུལ་དུ་རོ་ཧིན་རྒྱ་ཟེར་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཤིག་མེད། ར་ཁན་མངའ་སྡེར་འཚོ་བཞིན་པའི་ཁ་ཆེ་ཚོ་བྷང་ག་ལ་ནས་ཡོང་བའི་ཁྲིམས་འགལ་གྱི་ཡུལ་སྤོར་གཞིས་ཆགས་པར་རྩི་བཞིན་ཡོད། གལ་སྲིད་བླ་ཆེན་མཆོག་གིས་འབར་མའི་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཞེས་གསུངས་ཚེ། འབར་མའི་གཞུང་དམངས་གཉིས་དང་དམག་གི་འགོ་ཁྲིད་ཚོས་འབར་མའི་ཡེ་ཤུ་ཆོས་དད་པ་ཚོར་སྡང་ཟུག་བྱ་སྲིད་པའི་ཉེན་ཀ་ཡོད་ཅེས་འབོད་སྐུལ་ཞུས་ཡོད་པ་རེད།།

XS
SM
MD
LG