ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བླ་ཆེན་ཕོབ་འབར་མར་ཕེབས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འབར་མ་ནི་སངས་རྒྱས་ཆོས་ལུགས་དར་པའི་རྒྱལ་ཁབ་ཅིག་ཡིན། ཡེ་ཤུའི་ཆོས་སྡེ་ཚུགས་ནས་ལོ་༢༠༠༠་ལྷག་གི་རིང་ལ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་འབར་མ་རྒྱལ་ཁབ་ལ་ཕེབས་མྱོང་མེད་རུང་། གཟའ་འཁོར་འདིར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཕོབ་ཧྥ་རན་སེ་སི་འབར་མ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་མི་རིགས་དང་ཆོས་ལུགས། ཆབ་སྲིད་བཅས་ཀྱི་འགལ་ཟླ་ཆེན་པོ་ཡོད་པའི་རྒྱལ་ཁབ་དེར་མཛད་འཕྲིན་སྐྱོང་གི་ཡོད་ཅིང་། འབར་མའི་ཡེ་ཤུ་ཆོས་དད་པ་ཚོས་བླ་ཆེན་ཕོབ་མཆོག་གིས་འབར་མའི་ར་ཁན་མངའ་སྡེའི་ཁ་ཆེ་ཚོའི་བདེ་སྡུག་གླེང་སྟེ། རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་རང་ཁྱིམ་ནས་མཐར་སྐྲོད་གཏོང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གསུངས་ཚེ། འབར་མའི་གཞུང་དང་ནང་པ་ཚོར་ཕོག་ཐུག་འགྲོ་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་དང་། ཉེ་དུས་བླ་ཆེན་ཕོབ་མཆོག་གིས་འབར་མའི་རོ་ཧིན་རྒྱ་ཁ་ཆེ་ཚོར་རྡུག་རྡེག་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས། རོ་ཧིན་རྒྱ་ཁ་ཆེ་ཚོ་མནར་གཅོད་མྱོང་བཞིན་པའི་ཕུ་ནུ་མིང་སྲིང་ཡིན་ཞེས་གསུངས་ཡོད། ཉམས་ཞིབ་པ་ཚོས་བླ་ཆེན་ཕོབ་མཆོག་གིས་ཆོས་ལུགས་དང་མི་ཆོས། ཕྱི་འབྲེལ་བཅས་ལ་དོ་ཕོག་མི་འགྲོ་བའི་གཟབ་ནན་གནང་དགོས་ཀྱིན་འདུག་ཅེས་གླེང་། ཐ་ན་འབར་མའི་ཆོས་རྗེ་ཆལ་སི་མཱོང་བྷོས་ཀྱང་བླ་ཆེན་མཆོག་ལ་ཁ་ཆེ་རྣམས་ཞེས་གསུང་དགོས། རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཞེས་གསུང་ན་དགེ་མཚན་གཏན་ནས་མེད་པའི་འབོད་སྐུལ་ནན་པོ་ཞུས།། ཨོ་གླིང་གི་ལོ་ཝེ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨེ་རོ་ཁོ་ནེ་ལེས་བླ་ཆེན་ཕོབ་མཆོག་གི་འབར་མའི་འཚམས་འདྲི་དེ་སྤྱིར་བཏང་གི་འཚམས་འདྲི་ཞིག་ལ་འགྱུར་མི་སྲིད། ཁོང་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་བདེ་སྡུག་གླེང་སློང་བྱ་རྒྱུ་ཉག་ཅིག་ཡིན། ད་སྟེ་བླ་ཆེན་མཆོག་གིས་འབར་མའི་གཞུང་དང་དམག འབར་མའི་ནང་པ་ཚོར་ཕོག་ཐུག་མ་བཏང་བར་ཐབས་མཁས་ཀྱི་སྒོ་ནས་རོ་ཧིན་རྒྱ་ཁ་ཆེ་ཚོའི་གནས་སྟངས་གླེང་སློང་གནང་རྒྱུ་ཡིན་ནམ། ཡང་ན་ཁོང་གིས་རོ་ཧིན་རྒྱ་ཁ་ཆེ་ཚོར་རང་ཁྱིམ་དུ་འཚོ་གནས་བྱེད་ཆོག་པའི་ཐོབ་ཐང་ཡོད། ཁོ་ཚོ་རང་ཁྱིམ་ནས་མཐར་སྐྲོད་བཏང་བ་འོས་འཚམས་ཤིག མིན་ཞེས་གསུང་རྒྱུ་ཡིན་མིན་ལ་བལྟ་དགོས། བླ་ཆེན་མཆོག་གི་འཚམས་འདྲི་འདིར་ཕྱོགས་གང་ནས་བལྟས་ཀྱང་རྩོད་གཞི་ཅན་ཞིག་ལ་འགྱུར་རྒྱུའི་ཉེན་ཀ་འདུག་ཅེས་བཤད་ཡོད་པ་མ་ཟད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཚོགས་མི་ཆོས་དཔོན་ཐོ་མ་སི་རི་སི་ཡིས་ཀྱང་ང་ནི་བླ་ཆེན་ཕོབ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད། ཡིན་ནའང་ཁོང་འབར་མ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་རྒྱུ་དེར་གྲོས་བསྡུར་ཡག་པོ་ཞིག་བྱས་ཡོད་ན་དགེ་མཚན་ཆེ། ཅིའི་ཕྱིར་ཞེ་ན་བླ་ཆེན་མཆོག་གིས་བཟང་སྤྱོད་ཀྱི་རྩ་དོན་དོར་ནས་ཟོག་རྫུན་གྱི་བཀའ་མོལ་ཞིག་གསུང་བའམ། ཡང་ན་ཁོང་གིས་བཀའ་མོལ་བདེན་པ་གསུངས་ནས་འབར་མའི་ཡེ་ཤུ་ཚོ་ཉེན་ཀའི་གནས་སུ་རྫོང་རྒྱུའི་གདམ་ཀ་གཉིས་ལས་མེད། བླ་ཆེན་མཆོག་གིས་རྟག་ཏུ་ཉམ་ཆུང་གི་ཁ་འཛིན་གནང་བ་དང་མནར་གཅོད་མྱོང་བའི་མི་རྣམས་ཀྱི་བདེ་སྡུག་གླེང་གི་ཡོད་པ་ལྟར་འབར་མའི་རོ་ཧིན་རྒྱ་ཁ་ཆེ་ཚོའི་བདེ་སྡུག་གླེང་ན་འབར་མའི་གཞུང་དང་ནང་པ་རྣམས་ཡེ་ཤུ་ཆོས་དད་པ་ཚོར་མ་དགའ་བར་འགྱུར་རྒྱུའི་ཉེན་ཀ་འདུག་ཅེས་བཤད་འདུག འབར་མ་རྒྱལ་ཡོངས་སུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་འབུམ་༧་ཡས་མས་ཤིག་དང་ཡེ་ཤུ་ཆོས་ལུགས་གསར་མའི་རྗེས་འབྲང་བ། ཧིན་རྡུ་ཉུང་ཤས་དང་ཁ་ཆེ་ཉུང་ཤས་བཅས་ཡོད་ཀྱང་འབར་མའི་མི་འབོར་བརྒྱ་ཆ་༩༠་ལྷག་གནས་བརྟན་སྡེ་པའི་ལུགས་ཀྱི་ནང་པ་ཡིན་ཞིང་། རོ་ཧིན་རྒྱ་ཁ་ཆེ་ཚོ་རང་ཁྱིམ་ནས་ཕྱིར་ཕུད་གཏོང་གི་ཡོད་པར་འབར་མ་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་ཡོད་པས་སྐྱེ་བོ་སུ་ཞིག་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ལ་ཐོབ་ཐང་སྤྲོད་དགོས་ཟེར་ན་འབར་མའི་གཞུང་དམངས་གཉིས་ལ་ཕོག་ཐུག་གཏོང་གི་ཡོད་པ་དང་། གཟའ་འཁོར་སྔོན་མར་གདན་ས་ཆེན་པོ་ཝྭེ་ཊི་ཁན་གྱི་མགྲིན་ཚབ་པས་རོ་ཧིན་རྒྱ་ཞེས་པའི་མིང་ཚིག་དེ་ཉིད་གླེང་སློང་བྱེད་མི་ཆོག་པ་ཞིག་མིན། འབར་མའི་ཆོས་རྗེ་ཆལ་སི་མཱོང་བྷོས་ལམ་སྟོན་གནང་བར་ང་ཚོས་གཟབ་ནན་གྱི་ཉན་འཇོག་བྱ་འཆར་ཡོད། ང་ཚོ་མཉམ་འབྲེལ་གྱིས་བླ་ཆེན་ཕོབ་མཆོག་གིས་རོ་ཧིན་རྒྱ་ཞེས་པའི་མིང་ཚིག་དེ་ཉིད་འོས་འཚམས་ཀྱི་སྒོ་ནས་གསུང་ཐུབ་པའི་འབད་བརྩོན་བྱ་འཆར་ཡོད་ཅེས་བཤད། འབར་མའི་ནང་པ་ཚོས་རོ་ཧིན་རྒྱ་ཁ་ཆེ་ཚོ་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལ་ནས་ཡུལ་སྤོར་གཞིས་ཆགས་སུ་ཡོང་སྟེ་འབར་མའི་ས་ཐོག་ཏུ་ཁྱིམ་གཞིས་གསར་དུ་བཟུང་ཞིང་། རོ་ཧིན་རྒྱ་ཆེ་ཁ་ཁག་ཅིག་མི་རབས་རེ་ཟུང་ལ་ར་ཁན་མངའ་སྡེར་གཞིས་ཆགས་རུང་མང་ཆེ་བ་དུས་རབས་སྔོན་མའི་ལོ་རབས་༧༠་ནང་དུ་བྷང་ག་ལ་ནས་འབར་མའི་ས་ཐོག་ཏུ་ཡོང་ཡོད། འབར་མའི་གཞུང་གིས་རང་ཡུལ་དུ་རོ་ཧིན་རྒྱ་ཟེར་པའི་གྲངས་ཉུང་མི་རིགས་ཤིག་ཡོད་པ་ཁས་ལེན་གྱི་མེད་པས། ༡༩༨༢་ལོར་འབར་མའི་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ལ་འབར་མའི་སྤྱི་དམངས་ཀྱི་ཐོབ་ཐང་ཡོད་པ་རྣམས་ཕྱིར་བསྡུ་བྱས་པ་དང་། འདས་པའི་ལོ་༣༠་ལྷག་ལ་རོ་ཧིན་རྒྱ་ཁ་ཆེ་ཚོ་རང་ཁྱིམ་དུ་སྤྱི་དམངས་ཀྱི་ཐོབ་ཐང་མེད་པའི་མི་རིགས་ལ་གྱུར་ཡོད། ད་ལོའི་ཕྱི་ཟླ་༨་པའི་ནང་རོ་ཧིན་རྒྱ་ཁ་ཆེ་དྲག་སྤྱོད་པ་ཚོས་འབར་མའི་གཞུང་དམག་ལ་འཐབ་རྒོལ་བྱ་རྒྱུ་འགོ་ཚུགས། ཕྱི་ཟླ་༡༠་ནང་རོ་ཧིན་རྒྱ་ཁ་ཆེ་དྲག་སྤྱོད་པ་ཚོས་མེ་མདའ་བརྒྱབ་ནས་འབར་མའི་མཐའ་མཚམས་སྲུང་དམག་༩་བསད། དེར་བརྟེན་ནས་འབར་མའི་དམག་གིས་རོ་ཧིན་རྒྱ་ཁ་ཆེ་ཚོའི་ཁང་པ་རྣམས་མེར་སྲེག་བཏང་ནས་མི་གྲངས་འབུམ་ཕྲག་༦་ལྷག་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་ཕྱིར་ཕུད་བཏང་ཡོད་པ་དང་། གཟའ་འཁོར་སྔོན་མར་འབར་མའི་གཞུང་དང་བྷང་ག་ལའི་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་རང་ཁྱིམ་དུ་ཕྱིར་ལོག་བྱེད་ཆོག་པའི་གྲོས་མཐུན་བཞག་རུང་། འབར་མའི་དམག་གིས་རྒྱལ་ཁབ་དེའི་རྒྱལ་སྲུང་དང་བདེ་འཇགས་ཚན་པ་ཁག་གི་དབང་ཆ་བཟུང་སྟེ། འབར་མའི་སྲིད་གཞུང་ལ་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་ཕྱིར་ལོག་བྱེད་དུ་འཇུག་རྒྱུའི་དབང་ཚད་མེད་པ་དང་། འབར་མའི་སྲིད་གཞུང་གི་འགོ་ཁྲིད་དང་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨང་སན་སུ་ཇིས་རོ་ཧིན་རྒྱ་ཁ་ཆེ་ཚོ་ཕྱིར་ཕུད་གཏོང་མི་ཆོག་ཅེས་བཀའ་མོལ་ནན་པོ་ཞིག་གསུངས་ཐུབ་མེད་པར་རྒྱལ་སྤྱིའི་ཐོག་ཏུ་སྐྱོན་བརྗོད་དྲག་པོ་ཕོག་ཡོད་པ་རེད།།

XS
SM
MD
LG