ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཅང་ཐན་ཡུང་ལ་ཁྲིམས་གཅོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གི་ཁྲིམས་རྩོད་པ་ཅང་ཐན་ཡུང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ལོ་གཅིག་ཕྱིན་ཡོད་པ་དང་། ད་ལོའི་ཕྱི་ཟླ་༨་པར་རྒྱ་ནག་གཞུང་གིས་ཅང་ཐན་ཡུང་ལ་ཁྲིམས་བཤེར་ཐེངས་གཅིག་བྱས་ནས་ཟླ་༤་མ་ཟིན་ཙམ་ཞིག་འགྲོ་ལ་ཉེ་ཞིང་། ད་ལྟ་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་ཅང་ཐན་ཡུང་ལ་ཁྲིམས་བཤེར་བྱས་དོན་ལྟར་ཁྲིམས་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ཐོན་འདུག ཁྲིམས་རྩོད་པ་ཅང་ཐན་ཡུང་གི་ཨ་ཕར་རྒྱ་ནག་གཞུང་གི་བརྡ་ཐོ་འབྱོར་པ་དེར་ཅང་ཐན་ཡུང་འཛིན་བཟུང་བྱས་པའི་གནད་དོན་དང་ཁྲིམས་བཤེར་ཇི་ལྟར་བྱས་པ་ཡིན་མིན། སང་ཉིན་ཕྱི་ཟླ་༡༡་ཚེས་༢༡་གི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་དུ་རྒྱ་ནག་གི་ཁྲང་ཧྲ་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཅང་ཐན་ཡུང་ལ་ཁྲིམས་ཐག་བཅད་ནས་བཅད་ཁྲ་བསྒྲག་རྒྱུ་ཡིན་ཞེས་འཁོད་ཡོད་པ་མ་ཟད། ཅང་ཐན་ཡུང་གི་བཟའ་ཟླ་ཅིན་པན་ལིན་ཕྱི་ལོ་༢༠༡༣་ནས་ཨ་རིར་བཙན་བྱོལ་དུ་ཡོད་པ་དང་། ཁོ་མོས་གཟའ་ཉི་མའི་ཉིན་ཊིའུ་ཊར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་པ་ལྟར་ན་རྒྱ་ནག་གཞུང་གིས་ཅང་ཐན་ཡུང་ལ་བསྐོ་འཛུགས་བྱས་པའི་ཁྲིམས་རྩོད་པ་དབྱང་ཅེ་ལིན་གྱིས་ཅང་ཐན་ཡུང་གི་ཨ་ཕར་གཟའ་མིག་དམར་ཉིན་ཅང་ཐན་ཡུང་ལ་ཁྲིམས་ཐག་གཅོད་རྒྱུ་རེད་ཅེས་བརྡ་བཏང་འདུག ཨ་ཕས་ཁྲིམས་རྩོད་པར་ཅིའི་ཕྱིར་ཁྲིམས་ལུགས་ལྟར་ཁྲིམས་ཐག་གཅོད་ཡིན་པའི་གནས་ཚུལ་ཡིག་ཐོག་ཏུ་བརྡ་ཐོ་མ་བཏང་བ་རེད་དམ་ཞེས་དྲིས་ཀྱང་ཁྲིམས་རྩོད་པས་ཁྱེད་རང་ཁྲིམས་ཐག་གཅོད་སར་ཡོང་དང་མི་ཡོང་ཁྱེད་རང་གིས་ལྟོས། ངས་ཁྱེད་རང་ལ་བརྡ་སྐད་འཕྲོད་ཡོད་ཅེས་ལན་འདེབས་བྱས་ཡོད་པ་དང་། གོང་གི་གནས་ཚུལ་འདི་གོ་ཐོས་བྱུང་བའི་རྗེས་སུ་ཅང་ཐན་ཡུང་གི་བཟའ་ཟླ་ཅིན་པན་ལིན་གྱིས་རྒྱ་གཞུང་གིས་བསྐོ་འཛུགས་བྱས་པའི་ཅང་ཐན་ཡུང་གི་ཁྲིམས་རྩོད་པར་ཁ་པར་བཏང་ནས་གནས་ཚུལ་འདི་བདེན་པ་ཡིན་མིན་ཞེས་སྐད་ཆ་གསལ་བོ་ཞིག་འདྲི་ཐབས་བྱས་ཀྱང་ཁྲིམས་རྩོད་པས་ཁ་པར་བླངས་མ་སོང་ཞེས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་ཅིང་། ཕྱི་ཟླ་༡༡་ཚེས་༢༠་ཉིན་ཁོ་མོའི་ཊིའུ་ཊར་བརྒྱུད་ལམ་དུ་གནས་ཚུལ་གསར་པ་བཀོད་པ་ལྟར་ན་ཅང་ཐན་ཡུང་ལ་ཉེས་པ་ཅི་ཡང་མེད་པས་གནད་དོན་འདིར་ཚང་མས་དོ་སྣང་བྱ་རོགས་ཞེས་འབོད་སྐུལ་ཞུས་འདུག ད་ལྟ་ཅང་ཐན་ཡུང་གི་ཨ་ཕ་རྒྱ་སྐད་དུ་གོ་པོ་ཞེས་པའི་རྒྱ་ནག་གི་ནང་ཁུལ་བདེ་དོན་ལས་ཁུངས་ཀྱི་ལས་སྣེ་ཞིག་གིས་ཁྲིད་ནས་ཁྲང་ཧྲ་གྲོང་ཁྱེར་དུ་འབྱོར་ཡོད་པ་དང་། སང་ཉིན་ཁྲང་ཧྲ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཅང་ཐན་ཡུང་ལ་ཁྲིམས་ཐག་གཅོད་སར་འགྲོ་འཆར་ཡོད་ཚུལ་བཤད་ཡོད་པ་རེད། ཁྲིམས་རྩོད་པ་ཅང་ཐན་ཡུང་ལ་ལོ་འདིའི་ཟླ་༨་པའི་ཚེས་༢༢་ཉིན་རྒྱ་ནག་གི་ཁྲང་ཧྲ་འབྲིང་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུར་ངན་སྐུལ་བྱེད་མཁན་གྱི་ཉེས་མིང་བཏགས་ནས་ཁྲིམས་བཤེར་བྱས་པ་དང་། སྐབས་དེར་དོ་བདག་ལ་ཁྲིམས་ཐག་བཅད་པའི་བཅད་ཁྲ་བསྒྲགས་མེད། ཁྲིམས་བཤེར་གྱི་ཉིན་དེར་ཁྲིམས་ཁང་གི་མཐའ་འཁོར་ཡོངས་སུ་དམ་དྲག་ཆེན་པོ་བྱས་པ་དང་། ཁྲིམས་རའི་ནང་དུ་ཟུར་ཉན་བྱེད་མཁན་ཡོང་མི་ཆོག་པའི་བཀག་སྡོམ་བྱས་ཏེ། སྐབས་དེར་རྒྱ་ནག་གི་ས་གནས་གང་སའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་མང་པོ་ཞིག་ལའང་དམིགས་བསལ་གྱིས་སྟངས་འཛིན་བྱས་ཡོད་པ་དང་། ཁྲིམས་བཤེར་སྐབས་སུ་ཅང་ཐན་ཡུང་གིས་རང་ལ་ཉེས་པ་ཅི་ཞིག་གཡོགས་པ་རྣམས་ངོས་ལེན་དང་འགྱོགས་བཤགས་བྱས་མོད། འོན་ཀྱང་མི་ཚོས་རྒྱ་ནག་གཞུང་གིས་ཅང་ཐན་ཡུང་ལ་མནར་གཅོད་དང་བཙན་དབང་གིས་ནག་ཉེས་ཁས་ལེན་བྱེད་དུ་བཅུག་པ་ཞིག་ཡིན་པར་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད། ད་ལྟ་ལོ་ན་༤༦་ལ་སོན་པའི་ཁྲིམས་རྩོད་པ་ཅང་ཐན་ཡུང་ན་ནིང་ཕྱི་ཟླ་༡༡་པར་གཞུང་གི་འཛིན་བཟུང་བཙོན་འཇུག་འོག་ཏུ་ཡོད་པའི་ཁྲིམས་རྩོད་པ་ཞེ་དབྱང་གི་ཁྱིམ་མི་ཚོར་ཐུག་འཕྲད་དུ་བསྐྱོད་ནས་ཕྱིར་པེ་ཅིང་ལ་ལོག་པའི་དུས་སུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད། སྐབས་དེར་རྒྱ་ནག་དང་རྒྱལ་སྤྱིའི་རང་དབང་དོན་གཉེར་པ་སྒེར་པ་དང་ཚོགས་པ་མང་པོས་ཅང་ཐན་ཡུང་གར་སོང་ཆ་མེད་དུ་གྱུར་པར་དོ་སྣང་ཆེན་པོ་བྱས་འདུག ཁྲིམས་རྩོད་པ་ཅང་ཐན་ཡུང་གིས་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོ་དང་རྒྱ་ནག་གི་ཧྥ་ལུང་གུང་རྩ་རླུང་སྒོམ་སྒྲུབ་པའི་གྱོད་གཞི་སོགས་ལ་ཁྲིམས་རྩོད་ཀྱི་ལས་དོན་སྒྲུབ་མྱོང་ཡོད་པས། ཕྱི་ལོ་༢༠༠༩་ལོར་རྒྱ་ནག་གཞུང་གིས་ཅང་ཐན་ཡུང་གི་ཁྲིམས་རྩོད་པའི་ལག་འཁྱེར་ཕྱིར་བསྡུ་བྱས་པ་དང་། ཅང་ཐན་ཡུང་དང་རྒྱ་ནག་གི་ཁྲིམས་རྩོད་པ་ཐེང་པེའོ་གཉིས་ཀྱིས་ཕྱི་ལོ་༢༠༡༡་གི་ཕྱི་ཟླ་དང་པོའི་ཚེས་༤་ཉིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཝང་ལི་ཞུང་གིས་བཀོད་སྒྲིག་འོག་ཏུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སི་ཀེ་ཕིའི་བརྒྱུད་ལམ་དུ་བོད་དོན་ལ་བཅར་འདྲི་ཞུས་ནས་བཀའ་མོལ་གནང་མྱོང་ཡོད་པ་རེད།།

XS
SM
MD
LG