ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དྲ་རྒྱའི་རང་དབང་དམ་དྲག་གི་སྙན་ཐོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རིའི་རིིག་མཛོད་ཅེས་པའི་ཉམས་ཞིབ་སྡེ་ཚན་གྱི་ཁོངས་གཏོགས་པའི་རང་དབང་ཁང་གིས་ཕྱི་ལོ་༢༠༡༧་ལོའི་དྲ་རྒྱའི་བརྒྱུད་ལམ་གྱི་རང་དབང་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེར་རྒྱ་ནག་བསྟུད་མར་ལོ་གསུམ་གྱི་རིང་ལ་དྲ་རྒྱའི་རང་དབང་ལ་དམ་དྲག་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤས་ཁག་གི་གྲས་སུ་ཚུད་ཅིང་། དེ་བཞིན་ཐེངས་འདིའི་ཉམས་ཞིབ་ཀྱི་ཁོངས་སུ་ཚུད་ཡོད་པའི་རྒྱལ་ཁབ་གཞན་ཁག་ཀྱང་སྔོན་དང་བསྡུར་ན་དྲ་རྒྱའི་བརྒྱུད་ལམ་ལ་དམ་དྲག་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་སོང་བ་སོགས་བཀོད་འདུག ཕྱི་ལོ་༢༠༡༧་ལོའི་དྲ་རྒྱའི་བརྒྱུད་ལམ་གྱི་སྙན་ཐོར་ཨ་རི་དང་རྒྱ་ནག ཧྥ་རན་སི་སོགས་རྒྱལ་ཁབ་༦༥་ལ་དྲ་རྒྱའི་བརྒྱུད་ལམ་གྱི་རང་དབང་གི་ཚད་གཞི་ཇི་ལྟར་ཡོད་མེད་དབྱི་ཞིབ་བྱས་ཏེ། ད་ལྟའི་ཆར་རྒྱལ་ཁབ་དེ་དག་གིས་འཛམ་གླིང་ཡོངས་ཀྱི་དྲ་རྒྱའི་བརྒྱུད་ལམ་བེད་སྤྱོད་གཏོང་མཁན་གྱི་མིའི་གྲངས་འབོར་གྱི་བརྒྱ་ཆ་༨༧་ཟིན་ཞིང་། སྙན་ཐོ་དེའི་མཇུག་འབྲས་ལྟར་ན་རྒྱ་ནག་དང་སི་རི་ཡ། ཨི་ཐོ་ཕི་ཡ་གསུམ་ནི་ཐེངས་འདིའི་ཉམས་ཞིབ་སྙན་ཐོའི་ནང་དུ་དྲ་རྒྱའི་བརྒྱུད་ལམ་རང་དབང་ལ་དམ་དྲག་བྱེད་མཁན་རྒྱལ་ཁབ་ཁག་གི་གྲས་ཀྱི་ཆེས་སྡུག་ཤོས་གསུམ་ཡིན་ཞེས་འཁོད་འདུག རྒྱ་ནག་ལྟ་བུར་མཚོན་ན་ད་ལྟའི་བར་དུ་བོད་དང་ཞིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་དྲ་རྒྱ་དང་ཁ་པར་གྱི་བརྒྱུད་ལམ་ལ་སྟངས་འཛིན་ནན་པོ་བྱེད་བཞིན་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ས་གནས་རེ་ཟུང་ལ་སྐབས་འགར་ཟླ་བ་ཁ་ཤས་ཀྱི་རིང་དུ་དྲ་བའི་བརྒྱུད་ལམ་གཏན་དུ་སྒོ་བརྒྱབ་པའི་གནས་ཚུལ་འབྱུང་བཞིན་ཡོད། ཕྱི་ལོ་༢༠༡༥་ལོར་རྒྱ་ནག་རྒྱལ་ཡོངས་སུ་དྲ་རྒྱའི་བརྒྱུད་ལམ་གྱི་ལས་བཟོ་བ་ཅེས་པའི་མིང་ཐོག་ཏུ་རྒྱ་ནག་དམར་ཕྱོགས་གཞོན་ནུའི་མཐུན་ཚོགས་ཀྱིས་གཞུང་གི་ལངས་ཕྱོགས་བཟུང་སྟེ། ཁོ་ཚོས་གཞུང་གི་ལངས་ཕྱོགས་མི་མཐུན་པ་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་དྲ་ལམ་དུ་ཁ་གཏད་གཅོག་པའི་ངོ་རྒོལ་བྱས་པ་དང་། རྒྱ་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་དང་བླངས་ལས་བྱེད་པ་བྱེ་བ་གཅིག་བསྡུས་ནས་དྲ་རྒྱའི་བརྒྱུད་ལམ་ལ་སྟངས་འཛིན་བྱེད་དུ་བཅུག་ཅིང་། གཞན་ཡང་ད་ལོའི་ཕྱི་ཟླ་༦་ཚེས་༡་ནས་རྒྱ་ནག་གཞུང་གིས་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཞིག་གཏན་ལ་ཕབ་ནས་དྲ་རྒྱའི་བཟོ་ཚོང་ཁང་དེ་དག་གིས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་དོ་བདག་ངོ་མའི་མིང་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་ངེས་པར་དུ་ཐོ་བྱེད་དུ་འཇུག་དགོས་པའི་ཐག་བཅད་འདུག ཕྱིའི་རྒྱལ་ཁབ་ཀྱི་བཟོ་ཚོང་ཁང་ལས་ཁག་ལའང་ཕྱི་ལོ་༢༠༡༨་གྱི་སྔོན་དུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་སྒེར་གྱི་ལོ་རྒྱུས་ཡིག་ཚགས་རྣམས་ཉར་ཚགས་བྱ་དགོས་པའི་དགོས་འདུན་བཏོན་ཏེ། ད་སྔ་རྒྱ་ནག་ཏུ་ཡོད་པའི་མི་ཚོས་ཕྱི་རྒྱལ་གྱི་རང་དབང་ཡུལ་ལུང་ཁག་གི་དྲ་ངོས་སུ་རྩོམ་ཡིག་བཀོད་པར་ལོ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཡང་བྱུང་འདུག་པ་དང་། རྒྱ་ནག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་པའི་སྐབས་ཀྱི་གསར་འགྱུར་ལའང་སྟངས་འཛིན་བྱས་ཡོད་པ་རེད། ཨ་རིའི་རང་དབང་ཁང་ཞེས་པའི་ཉམས་ཞིབ་སྡེ་ཚན་གྱི་བརྗོད་གསལ་ལ་ལོ་འདིར་ཨ་མི་རི་ཀའི་ངོས་ནས་ཀྱང་དྲ་རྒྱའི་རང་དབང་གི་གནས་སྟངས་སྡུག་ཏུ་འགྲོ་བཞིན་འདུག་ཅེས་ཐེར་འདོན་བྱས་ཡོད་པ་དང་། དཔེར་ན་ཨ་རིའི་མཐའ་མཚམས་སྲུང་སྐྱོབ་སྡེ་ཚན་གྱིས་ཕྱི་ཟླ་༣་ནང་ཊུའི་ཊར་བཟོ་ཚོང་ཁང་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་ཕྱི་མི་ཡུལ་སྤོར་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་གྱི་མི་ཞིག་གི་གནས་ཚུལ་མཁོ་སྤྲོད་བྱ་དགོས་ཞེས་དགོས་འདུན་བཏོན་པའི་གནས་ཚུལ་བྱུང་འདུག དེར་བརྟེན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ཀྱིས་རྒྱ་ནག་ལ་དྲ་རྒྱའི་རང་དབང་མེད་པར་བློ་འཚབ་བྱེད་ཀྱི་ཡོད་པ་དང་། ད་ལོ་རྒྱ་ནག་གིས་དྲ་རྒྱ་བེད་སྤྱོད་ཀྱི་ཁྲིམས་གཞི་གསར་པ་ཞིག་གཏན་ལ་ཕབ་ནས་ལག་བསྟར་བྱེད་ཀྱི་ཡོད་པ་དེ་བས་ཀྱང་བློ་འཚབ་སྐྱེ་གཞི་ཞིག་ལ་གྱུར་ཡོད། ལོ་འདིའི་ཕྱི་ཟླ་༦་ནང་ཁྲིམས་གཞི་དེ་ལག་བསྟར་བྱས་པ་ནས་བཟུང་སྟེ་རྒྱ་ནག་མི་དམངས་ཀྱིས་ཝྭི་ཕི་ཨེན་སོགས་བེད་སྤྱོད་བྱས་ནས་ཕྱིའི་རང་དབང་ཡུལ་ལུང་ཁག་གི་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་གཏན་འགོག་བྱས་བྱས་པ་མ་ཟད། རྒྱ་ནག་དང་འབྲེལ་བའི་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་དྲ་རྒྱའི་བཟོ་ཚོང་ལས་ཁང་ཁག་ལའང་ཚོད་འཛིན་དང་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་འདུག་ཅེས་འཁོད་ཡོད་པ་རེད།།

XS
SM
MD
LG