༄༅།། ཕྱི་ཟླ་༡༡་ཚེས་༡༤་དགོང་མོར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཛིམ་བྷབ་ཝེའི་དམག་གིས་སྲིད་དབང་འཕྲོག་སྟེ། རྒྱལ་ཁབ་དེའི་ལོ་ན་༩༣་ལ་སོན་པའི་སྲིད་འཛིན་མུ་གྷ་བྷེ་དང་ལོ་ན་༥༢་ལ་སོན་པའི་སྲིད་འཛིན་མུ་གྷ་བྷེའི་ཆུང་མ་གྷེ་རེ་སི་མུ་གྷ་བྷེ་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཞིང་། ཛིམ་བྷབ་ཝེའི་དམག་གི་མགྲིན་ཚབ་པ་ཞིག་གིས་སྲིད་འཛིན་གཏན་ཞལ་གཉིས་བདེ་འཚམས་ཡིན། ཛིམ་བྷབ་ཝེའམ། ཡང་ན་ཛིམ་བྷབ་ཝེ་ཨ་ཧྥི་རི་ཀ་རྒྱལ་ཡོངས་མཉམ་འབྲེལ་རྒྱལ་ཁབ་སྲིད་འཛིན་མུ་གྷ་བྷེ་དང་བཟའ་ཟླ་གཉིས་ཀྱིས་སྒེར་འཛིན་བྱེད་ཆོག་པ་ཞིག་མིན། བློ་མཐུན་མ་ནུ་གྷ་ཝའི་འགོ་ཁྲིད་འོག་ཏུ་ཛིམ་བྷབ་ཝེར་དུས་སྐབས་གསར་པ་ཞིག་འགོ་ཚུགས་རྒྱུ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཛིམ་བྷབ་ཝེར་མདུན་ལམ་བཟང་པོ་ཞིག་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག བློ་མཐུན་མ་ནུ་གྷ་ཝ་ཞེས་པ་ནི་ཛིམ་བྷབ་ཝེའི་སྲིད་འཛིན་གཞོན་པ་ཡིན། བདུན་ཕྲག་སྔོན་མར་སྲིད་འཛིན་མུ་གྷ་བྷེས་སྲིད་འཛིན་གཞོན་པ་མ་ནུ་གྷ་ཝ་གཞུང་དྲང་བློ་དཀར་མིན་པ་དང་། ཁོ་པས་སྲིད་དབང་འཕྲོག་ཐབས་བྱེད་བཞིན་འདུག་ཅེས་སྐྱོན་འཛུགས་བྱས་ནས་གནས་དབྱུང་བཏང་སྟེ། སྲིད་འཛིན་མུ་གྷ་བྷེས་རང་གི་ཆུང་མ་གྷེ་རེ་སི་མུ་གྷ་བྷེ་སྲིད་འཛིན་གཞོན་པར་བསྐོ་བཞག་བྱ་འཆར་ཡོད་ཅིང་། ད་ལྟ་སྲིད་འཛིན་གཞོན་པ་མ་ནུ་གྷ་ཝ་གང་དུ་སྐུང་ཡོད་མེད་རྩད་གཅོད་ཐུབ་ཀྱི་མེད་པ་དང་། ཉམས་ཞིབ་པ་ཁག་ཅིག་གིས་ཛིམ་བྷབ་ཝེའི་སྲིད་འཛིན་གཞོན་པ་ལྷོ་ཨ་ཧྥི་རི་ཀའི་ས་གནས་ཤིག་ཏུ་སྐུང་ཡོད་པའི་དཀྲོག་གཏམ་ཞིག་སྒྲོགས་ཀྱི་ཡོད་ཀྱང་ལྷོ་ཨ་ཧྥི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རང་གི་ས་ཐོག་ཏུ་ཛིམ་བྷབ་ཝེའི་སྲིད་འཛིན་གཞོན་པ་སྐུང་ཡོད་མེད་ངེས་གཏན་བྱས་མེད། དེ་རིང་གཟའ་ལྷག་པའི་སྔ་དྲོར་ཛིམ་བྷབ་ཝེའི་དམག་གིས་རྒྱལ་ཡོངས་བརྙན་འཕྲིན་ཁང་བཙན་འཛིན་བྱས་ཏེ། དམག་གི་མགྲིན་ཚབ་པ་དམག་སྤྱི་མོ་ཡོ་ཞེས་པ་ཞིག་གིས་ང་ཚོས་རྒྱལ་ཁབ་ཀྱི་སྲིད་དབང་འཕྲོག་གི་མེད། ཛིམ་བྷབ་ཝེའི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་བཅས་པ་ཉམས་འགྲོ་བཞིན་འདུག ཛིམ་བྷབ་ཝེར་ཆབ་སྲིད་ཀྱི་དྲག་ཟིང་ལངས་ནས་མི་མང་གིས་དཀའ་སྡུག་སྣ་ཚོགས་ཤིག་མྱོང་ཡོད་པ་དང་། ང་ཚོའི་ཛིམ་བྷབ་ཝེའི་ཆབ་སྲིད་ཀྱི་ཟིང་འཁྲུག་འགོག་བཞིན་ཡོད། མི་མང་གི་དཀའ་སྡུག་དེའི་འབྱུང་རྩ་ཉེས་ཅན་པ་རྣམས་ཁྲིམས་ལ་སྦྱོར་པའི་འོས་འགན་སྒྲུབ་བཞིན་
ཡོད་ཅེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་ཁྱབ་བསྒྲགས་བྱས་མོད། ཡིན་ནའང་ཛིམ་བྷབ་ཝེ་ཕྱི་ནང་གཉིས་སུ་སྲིད་འཛིན་མུ་གྷ་བྷེ་དང་ཆུང་མ་གཉིས་ཀྱི་ལས་དབང་ལ་དམག་གིས་ཐག་གཅོད་ཇི་ལྟར་བྱ་རྒྱུ་ཡིན་མིན་ལ་དངངས་སྐྲག་དང་། སྲིད་འཛིན་མུ་གྷ་བྷེའི་ཛ་ནུ་ཕི་ཡ་གཞུང་འཛིན་ཚོགས་པས་དམག་ལ་ངོ་རྒོལ་བྱས་ནས་ཟིང་འཁྲུག་གི་ཛ་དྲག་ཆེ་རུ་འགྲོ་སྲིད་པའི་ཉེན་ཀ་ཡོད་མེད་ལ་བློ་འཚབ་བྱེད་ཀྱི་ཡོད་པ་རེད། ༡༩༨༠་ཐམ་པའི་ལོར་རོ་བྷར་ཊི་མུ་གྷ་བྷེའི་འགོ་ཁྲིད་འོག་ཏུ་ཛིམ་བྷབ་ཝེར་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ། སྲིད་འཛིན་མུ་གྷ་བྷེ་རྒྱལ་ཁབ་དང་མི་རིགས་ཀྱི་དཔའ་བོ་ཞིག་ལ་བརྩིས་ནས་འདས་པའི་ལོ་༣༧་གྱི་རིང་ལ་ཛིབ་བྷབ་ཝེར་དབང་སྒྱུར་བྱས་པ་མ་ཟད། ཁོ་པས་ཛིམ་བྷབ་ཝེར་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤིག་བཙུགས་ནས་ཁ་གཏད་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་བཙོན་འཇུག་བྱས་པ་དང་། ལྷག་པར་དུ་སྔོན་ཆད་ཛིམ་བྷབ་ཝེར་དབང་སྒྱུར་བྱེད་མཁན་དབྱིན་ཇི་བ་མི་རིགས་དཀར་པོ་རྣམས་ཀྱི་ས་ཞིང་དང་གཞིས་ཀ མི་རིགས་དཀར་པོ་རྣམས་ཀྱི་ཚོང་ལས་དང་བཟོ་གྲྭ་ཁག་གཞུང་བཞེས་བཏང་སྟེ། ས་ཞིང་དང་གཞིས་ཀ་ཁག་ཅིག་སྲིད་འཛིན་མུ་གྷ་བྷེའི་སྲིད་དོན་ཚོགས་པའི་རྒྱབ་སྐྱོར་པ་ཚོར་བགོ་འགྲེམ་བྱས་ཡོད། སྲིད་འཛིན་མུ་གྷ་བྷེའི་དབང་སྒྱུར་འོག་ཏུ་ཛིམ་བྷབ་ཝེའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་ཚབས་ཆེན་ཐེབས་པ་དང་རྒྱལ་ཁབ་དེའི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། ཉེ་བའི་ལོ་ཤས་ཤིག་ནས་ཛིམ་བྷབ་ཝེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གདོན་རྫས་ལྟ་བུ་ཞིག་ལ་གྱུར་རུང་། སྲིད་འཛིན་མུ་གྷ་བྷེར་རང་ཉིད་མ་ཤི་བར་དུ་སྲིད་དབང་འཛིན་པའམ། ཡང་ན་ཁོ་པ་བགྲེས་ཡོལ་དུ་སོང་ནས་ཆུང་མ་གྷེ་རེ་སི་མུ་གྷ་བྷེ་སྲིད་འཛིན་ལ་བསྐོ་བཞག་བྱ་རྒྱུའི་རྩིས་བརྒྱབ་ཡོད། དེར་བརྟེན་ཛིམ་བྷབ་ཝེའི་དམག་དང་སྲིད་འཛིན་གཞོན་པ་ཁ་མཐུན་བྱས་ནས་སྲིད་འཛིན་མུ་གྷ་བྷེའི་སྲིད་དབང་མགོ་རྟིང་སློག་ཅིང་། ད་ལྟ་རྒྱལ་ས་ཧ་ར་རི་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་མེ་མདའ་བརྒྱབ་པ་དང་མེ་སྒྱོགས་བརྒྱབ་པའི་སྒྲ་སྐད་ཐོས་པ་དང་། གཟའ་མིག་དམར་ཉིན་ཛིམ་བྷབ་ཝེའི་གཞུང་འཛིན་ཚོགས་པས་རྒྱལ་ཁབ་དེའི་དམག་གིས་སྲིད་འཛིན་གནས་དབྱུང་གཏོང་རྒྱུའི་ངན་ཤོམ་གཤོམ་བཞིན་འདུག རྒྱལ་སའི་སྲང་ལམ་ཁག་ཏུ་དམག་གི་མཚོན་ལྡན་རླངས་འཁོར་དང་ལྕགས་འཁྲམ་འཁོར་ལོ་བཀྲམ་པ་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་པའི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད། ཨ་མི་རི་ཀ་དང་ཁེ་ན་ཌའི་གཞུང་ཚབ་ཁང་གིས་ཛིམ་བྷབ་ཝེའི་ས་ཐོག་ཏུ་ཡོད་པའི་རང་གི་སྤྱི་དམངས་ཚོས་གཟབ་གཟབ་བྱ་དགོས། ཁོ་ཚོ་ཛིབ་བྷབ་ཝེའི་ཆབ་སྲིད་ཀྱི་ཟིང་འཁྲུག་བར་དུ་མ་ཚུད་པ་བྱ་དགོས་ཞེས་བཀོད་འདོམས་བྱས་ཡོད་པ་དང་། ཕྱི་ཟླ་༡༡་ཚེས་༥་ནས་སྲིད་འཛིན་མུ་གྷེ་བྷེའི་གཞུང་གིས་སྲིད་འཛིན་གཞོན་པའི་རྒྱབ་སྐྱོར་པ་རྣམས་འཛིན་བཟུང་བྱས་ནས་རྩ་མེད་གཏོང་རྒྱུ་འགོ་ཚུགས། ལོ་ན་༧༥་ལ་སོན་པའི་སྲིད་འཛིན་གཞོན་པ་མ་ནུ་གྷ་ཝར་ཛིམ་བྷབ་ཝེའི་དམག་གི་རྒྱབ་སྐྱོར་ཆེན་པོ་ཡོད་པ་དང་། ཁོ་པ་སྲིད་འཛིན་མུ་གྷ་བྷེའི་རྗེས་འཛིན་པར་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་རུང་། སྲིད་འཛིན་མུ་གྷ་བྷེས་རང་གི་ཆུང་མ་གྷེ་རེ་སི་མུ་གྷ་བྷེ་སྲིད་འཛིན་ལ་བསྐོ་བཞག་བྱ་རྩིས་ཡོད་པ་དང་། གྷེ་རེ་སི་མུ་གྷ་བྷེ་ལ་ཛིམ་བྷབ་ཝེའི་ན་གཞོན་ཚོགས་པས་རྒྱབ་སྐྱོར་བྱས་ཏེ། ཁོ་མོའི་ངན་སྐུལ་འོག་ཏུ་༢༠༡༤་ལོར་ཡང་སྲིད་འཛིན་མུ་གྷེ་བྷེས་སྐབས་དེའི་སྲིད་འཛིན་གཞོན་པ་མུ་ཇུ་རུ་གནས་དབྱུང་བཏང་ཡོད་པ་རེད།།