༄༅།། ཉེ་ཆར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་ལེགས་གྲུབ་ཡོང་བར་ཤོག་ཅེས་ཤིས་བརྗོད་འཁོད་པའི་ཆ་འཕྲིན་ཞིག་ཞིས་ཅིན་ཕིང་གི་མཚན་ཐོག་ཏུ་བསྐུར་པ་དང་། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཡིག་ལེན་བསྐུར་ཏེ། རྒྱ་ནག་གིས་བྱང་ཀོ་རི་ཡར་འབྲེལ་བ་ཡག་ཏུ་གཏོང་འདོད་ཡོད་ཅེས་ འཁོད་པའི་གནས་ཚུལ་ཞིག་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག སྤྱིར་རྒྱ་ནག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོས་ཕན་ཚུན་ཤིས་བརྗོད་དང་མཛའ་འབྲེལ་གྱི་བརྗོད་བྱ་འཁོད་པའི་ཆ་འཕྲིན་བསྐུར་རྒྱུ་རྒྱུན་ལྡན་ཞིག་ཡིན་རུང་། ད་ཐེངས་ཀྱི་ཆ་འཕྲིན་འདི་རྒྱ་ནག་ལ་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་གཅོད་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་བའི་སྐབས་སུ་བསྐུར་པ་དང་། ལྷག་པར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་ལ་འཚམས་འདྲིར་ཕེབས་པར་དུས་ཡུན་བདུན་ཕྲག་གཅིག་ལས་མེད་པའི་མཚམས་སུ་བྱུང་བ་ཞིག་ཡིན་ཞིང་། བདུན་ཕྲག་རྗེས་མའི་རྒྱལ་དོན་འཚམས་འདྲིའི་སྐབས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཀྱིས་གནད་དོན་སྣ་མང་ཞིག་ལ་གྲོས་བསྡུར་བྱེད་ཀྱི་ཡོད་མོད། འོན་ཀྱང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ལ་བསྒྱུར་རྒྱུ་ཕྱོགས་གཉིས་ཀྱི་གྲོས་གཞི་གཙོ་བོར་འགྱུར་གྱི་ཡོད་པ་རེད།།