ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༣/༡༧

ཞིས་ཅིན་ཕིང་གི་བྱས་རྗེས་འགྲེམ་སྟོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཟླ་བ་འདིའི་ཚེས་༡༨་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་འཚོགས་ཀྱི་ཡོད་པ་དང་། ལོ་ལྔ་རེའི་མཚམས་སུ་ཚོགས་སྲོལ་ཡོད་པའི་ཏང་གི་ཚོགས་ཆེན་འདིའི་སྔོན་ལ་རྒྱ་ནག་གི་དམག་དང་ཚན་རིག་ལག་རྩལ། འཕྲུལ་རིག་སོགས་ཡར་རྒྱས་སོང་བའི་གྲུབ་འབྲས་རྣམས་འགྲེམ་སྟོན་བྱས་ཏེ། རྒྱ་ནག་གི་གྲུབ་འབྲས་རྣམས་ཞིས་ཅིན་ཕིང་གི་རླབས་ཆེན་འགོ་ཁྲིད་འོག་ཏུ་བྱུང་ཡོད་པའི་བརྡ་ཞིག་གཏོང་གི་ཡོད་ཅིང་། འགྲེམ་སྟོན་ཁང་གི་འཛུལ་སྒོའི་གཡས་གཡོན་གཉིས་ཀྱི་རྩིག་གྱང་དམར་པོའི་ངོས་སུ་ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་འབོད་ཚིག་ཁག་གསེར་ཡིག་གིས་བྲིས་ཏེ། འགྲེམ་སྟོན་གྱི་གུར་ཁང་རེ་རེའི་ནང་དུ་ཞིས་ཅིན་ཕིང་གིས་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད་པ་ནས་གླང་པོ་ཆེའི་གླང་ཕྲུག་སོགས་རི་སྐྱེས་སེམས་ཅན་རྣམས་ལ་བྱམས་སྐྱོང་བྱེད་ཀྱི་ཡོད་པའི་འདྲ་པར་སྣ་ཚོགས་བརྒྱ་ཕྲག་མང་པོ་བཤམས། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞན་རྣམས་ཀྱི་འདྲ་པར་ཆུང་ཆུང་རེ་འགྲེམ་སྟོན་ཁང་གི་མཐའ་ཟུར་དང་གུར་ཁང་གི་ཁུག་ཀྱོག་ཁག་ཏུ་བཤམས་ཡོད་པ་མ་ཟད། འགྲེམ་སྟོན་དེར་ཞིས་ཅིན་ཕིང་གིས་ཟ་ཁང་ཞིག་ཏུ་མི་དམངས་ཤོག་སྒོར་༡༦༠་ཐམ་པས་དགོང་ཟས་ཟོས་པའི་བྱུང་འཛིན་ཡང་བཤམས། རྒྱ་ནག་གི་རླུང་འཕྲིན་དང་བརྙན་འཕྲིན་ལས་རིམ་ཁག་གི་འགྲེམ་སྟོན་བཤམས་ཡོད་པ་དེ་དག་གིས་ཞིས་ཅིན་ཕིང་གི་བྱས་རྗེས་དང་གྲུབ་འབྲས་རྣམས་དྲིལ་བསྒྲགས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་༡༩་པའི་སྐབས་སུ་ཞིས་ཅིན་ཕིང་གི་ཆེ་མཐོང་མཐོ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་ཞིས་ཅིན་ཕིང་གི་སྲིད་དབང་སྔར་ལས་ལྷག་པའི་སྲ་བརྟན་བཏང་སྟེ། མའོ་ཙེ་ཏུང་གི་གཞུག་ཏུ་ཞིས་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དབང་ཐང་ཆེས་ཤོས་ཨང་གཉིས་པར་སྒྱུར་ཐབས་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། འདས་པའི་ལོ་མང་རིང་ཏང་གི་ཚོགས་ཆེན་མ་ཚོགས་གོང་དེར་གཞུང་གི་གྲུབ་འབྲས་རྣམས་འགྲེམ་སྟོན་བྱེད་པའམ། ཡང་ན་གྲུབ་འབྲས་དེ་དག་འགོ་ཁྲིད་གཙོ་བོ་དེའི་བྱས་རྗེས་ཡིན་པ་ཤུགས་ཀྱིས་སྟོན་པའི་ཆབ་སྲིད་ཀྱི་འཁྲབ་སྟོན་བྱེད་སྲོལ་མེད་མོད། འོན་ཀྱང་ཉེས་བའི་ལོ་ཤས་ཤིག་ནས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་ཁྲིམས་འགལ་ལ་རྡུང་རྡེག རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་བསྒྱུར་པའི་གྲུབ་འབྲས་རྣམས་ཞིས་ཅིན་ཕིང་གི་བཀའ་དྲིན་ལས་བྱུང་བ་ཞིག་ལ་རྩི་བཞིན་ཡོད་པ་སྟེ། ཞིས་ཅིན་ཕིང་ལྟ་བུའི་འགོ་ཁྲིད་བློ་སྟོབས་ཅན་ཞིག་མེད་ན་རྒྱ་ནག་ལ་གྲུབ་འབྲས་འདི་འདྲ་ཞིག་ཐོན་ཐུབ་རྒྱུ་ཁག་པོ་ཡིན་པའི་རྣམ་པ་སྟོན་གྱི་ཡོད་རུང་། རྒྱ་ནག་གཞུང་གིས་གང་ཟག་སྒེར་ལ་རྨོངས་དད་བྱེད་དགོས་པའི་དྲིལ་བསྒྲགས་ཀྱི་རྣམ་པ་འཐོན་དུ་འཇུག་གི་མེད་པ་དང་། དཔེར་ན་ཞིས་ཅིན་ཕིང་ལ་རྒྱ་ནག་གི་དམངས་ཁྲིད་དུ་ཞིས་ཏ་ཏ་ཞེས་གཅེས་མིང་གིས་འབོད་སྲོལ་ཡོད་པའི་གླུ་གཞས་༢༠༡༦་ལོའི་མགོ་སྟོད་ནས་བཀག་ཅིང་། རྒྱ་ནག་གི་ཚོང་ཁང་ཁག་ཏུ་དཀར་ཡོལ་དང་སྡེར་མའི་སྟེང་དུ་ཞིས་ཅིན་ཕིང་དང་ཆུང་མ་ཕེང་ལི་ཡོན་གཉིས་ཀྱི་འདྲ་པར་བཀོད་དེ། རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པའང་ཕྱིར་བསྡུས། ཞིས་ཅིན་ཕིང་མུ་འབྲེལ་རི་མོའི་ནང་གི་བརྙན་རིས་དང་འདྲ་བོ་འདུག་ཅེས་ཟུར་ཟ་བྱས་པ་རྣམས་མཐོང་རིག་མེད་པར་བཏང་བ། རྒྱ་ནག་གི་དྲྭ་ལམ་སོགས་ན་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་དང་ཁྱད་གསོད། རྒྱ་ནག་དམར་ཤོག་ཚོགས་པར་དམའ་འབེབས་བྱེད་པའི་རི་མོ་བྲིས་ཡོད་པ་རྣམས་འགྲེམ་སྤེལ་བྱེད་མི་ཆོག་པའི་བཀག་འགོག་བྱས་འདུག ཡིན་ནའང་ཉེ་ཆར་ཕྱི་ཟླ་༩་ཚེས་༡་ཉིན་རྒྱ་ནག་གི་སྐད་འཕྲིན་ནང་དུ་ཞིས་ཅིན་ཕིང་དང་ཕེང་ལི་ཡོན་གཉིས་གཉེན་སྒྲིག་བྱས་ནས་ལོ་༣༠་འཁོར་པའི་དགའ་སྟོན་གྱི་དྲྭ་སྒོ་ཕྱེ་སྟེ། ཞིས་ཅིན་ཕིང་དང་ཕེང་ལི་ཡོན་གཉིས་ལོ་ནང་ཆུང་དུས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་དཀའ་ལས་རྒྱག་གི་ཡོད་པའི་འདྲ་པར་རྙིང་པ་རྣམས་བཀྲམ། རྒྱ་ནག་གི་བརྙན་འཕྲིན་ལས་རིམ་གྱི་འགྲེམ་སྟོན་ཁོངས་སུ་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཆེད་རྩོམ་སྤེལ་ཏེ། ཞིས་ཕིན་ཕིང་གི་ཕྱི་འབྲེལ་ཐབས་ཇུས་ནི་ནུབ་ཕྱོགས་པ་ཚོས་ལོ་༣༠༠་རིང་ལ་རྩ་འཛིན་བྱས་པའི་ཕྱི་འབྲེལ་ཐབས་ཇུས་ཀྱི་གཞུང་ལུགས་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་བསྟོད་བསྔགས་བྱས་པའི་རྩོམ་ཡིག་བཤམས། འགྲེམ་སྟོན་གྱི་ཕྱོགས་གཅིག་ཞིས་ཅིན་ཕིང་གི་རྒྱ་ནག་གི་དམག་དོན་སྟོབས་ཤུགས་དེང་རབས་ཅན་ལ་བསྒྱུར་པའི་གྲུབ་འབྲས་ཡིན་པ་སྟེ། རྒྱ་ནག་གི་མེ་ཤུགས་འཕུར་མདེལ་དང་དམག་གྲུ། འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་ཆེན་མོ་དང་རྒྱ་ནག་གི་དེང་རབས་ཅན་གྱི་མཚོན་ཆ་རྣམས་སྐར་ལྔའི་རྒྱལ་དར་དམར་པོ་རྒྱབ་ལྗོངས་ཡིན་པའི་མདུན་དུ་བཤམས། རུས་མིང་མཱ་ཞེས་པ་ཞིག་གིས་ཉེ་བའི་ལོ་ཤས་ཤིག་ལ་རྒྱ་ནག་ཡར་རྒྱས་འདི་འདྲ་ཞིག་སོང་བ་དང་། ཡར་རྒྱས་ཀྱི་གྲུབ་འབྲས་རྣམས་མང་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཧ་ལས་པ་ཞིག་རེད་ཅེས་ཡ་མཚན་མཚན་བྱས་ཀྱང་འགྲེམ་སྟོན་ལ་ལྟད་མོར་ཡོང་མཁན་གཞན་ཚོར་ཞིས་ཅིན་ཕིང་ལ་བསྟོད་བསྔགས་དང་ཞིས་ཅིན་ཕིང་གི་བྱས་རྗེས་དྲིལ་བསྒྲགས། སྔོན་ཅད་ཞིས་ཅིན་ཕིང་རྒྱ་ནག་གི་གྲོང་གསེབ་ལ་ཟབ་སྦྱོང་དུ་སོང་བའི་དུས་ཀྱི་ལོ་རྒྱུས་འཁོད་པའི་དཔེ་དེབ་ཤོག་གྲངས་༤༥༢་ཅན་ཞིག་དྲིལ་བསྒྲིགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རྣམས་མཐོང་ཐོས་བྱུང་ཚེ། ཁོ་ཚོས་རྒྱ་ནག་གཞུང་དང་རྒྱ་ནག་མི་དམངས་ཀྱིས་མའོ་ཙེ་ཏུང་ལ་རྨོངས་ཞེན་གྱིས་དད་གུས་བྱས་པའི་ལོ་རྒྱུས་རྣམས་ཕྱིར་དྲན་ཐུབ་པ་དང་། མའེ་ཙེ་ཏུང་གི་དབང་སྒྱུར་དུས་སུ་རྒྱ་ནག་མི་དམངས་ས་ཡ་མང་པོར་དུས་མིན་གྱི་འཆི་རྐྱེན་ཕོག་རུང་། ད་དུང་ཡང་མའོ་ཙེ་ཏུང་ལ་རླབས་ཆེན་གྱི་གཙོ་འཛིན་དང་མི་དམངས་ཀྱི་མགོན་སྐྱབས་ཞེས་བསྟོད་བསྔགས་བྱས་པ་དང་། དེང་སྐབས་ཞིས་ཅིན་ཕིང་གི་དབང་སྒྱུར་དུས་སུའང་རྒྱ་ནག་གི་གྲོང་གསེབ་དང་གྲོང་ཁྱེར་གཉིས་ཀྱི་མི་དམངས་དབུལ་ཕྱུག་གི་ཁྱད་པར་ཇེ་ཆེར་སོང་སྟེ། རྒྱ་ནག་གི་གྲོང་ཁྱེར་དང་གྲོང་གསེབ་གཉིས་རྒྱལ་ཁབ་མ་འདྲ་བ་གཉིས་ལྟ་བུ་ཞིག་ལ་གྱུར་རུང་། རྒྱ་ནག་གཞུང་གིས་ཞིས་ཅིན་ཕིང་ལ་རྒྱལ་ཁབ་ཀྱི་སྲོག་ཤིང་འགོ་ཁྲིད་དང་། ཞིས་ཏ་ཏ་ཞེས་མཚན་བསྟོད་བྱེད་རྒྱུ་མཚམས་འཇོག་གི་མེད་ལ། ཞིས་ཅིན་ཕིང་ཕྱོགས་གང་ཐད་དུ་རྒྱ་ནག་གི་དམར་ཤོག་ལམ་ལུགས་གསར་འཛུགས་པ་མའོ་ཙེ་ཏུང་གི་ཚད་དེར་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG