ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དབྱིན་ཅེ་ཊི་དང་ཁུ་ཤི་ནར་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཐོག་མའི་འཆར་གཞི་ལྟར་ན་ཟླ་བ་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་བུ་མོ་ཨི་ཝྭན་ཁ་དང་མག་པ་ཇཱེ་རི་ཁུ་ཤི་ནར་གཉིས་པེ་ཅིང་ལ་ཕེབས་ཏེ། ཁོ་ཚོས་སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཕྱོགས་ལ་སྔོན་འགྲོའི་གྲ་སྒྲིག་དང་གྲོས་མོལ་བྱ་འཆར་ཡོད་ཅིང་། ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་དང་ཉམས་ཞིབ་པ། མི་དམངས་བཅས་ཀྱིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བསྒྲུབ་དགོས་པའི་ལས་དོན་ཁག་སྲིད་འཛིན་གྱི་བུ་མོ་དང་བུ་མོའི་མག་པ་སོགས་སྲིད་འཛིན་ཌོ་ནལ་ཊོམ་གྱི་ནང་འཁོར་ཚོས་བསྒྲུབ་ན་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱས་ཏེ། ཨི་ཝྭན་ཁ་གཏན་ཞལ་གཉིས་རྒྱ་ནག་ལ་ཕེབས་རྒྱུ་ཕྱིར་འཐེན་བྱས་འདུག དེ་ནས་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཕོ་བྲང་དཀར་པོར་སྲིད་འཛིན་ཌོ་ནལ་ཊོམ་གྱི་བུ་མོའི་མག་པ་ཇཱེ་རི་ཁུ་ཤི་ནར་དང་ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མེཀ་མ་སི་ཊར། ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་བཅས་ལ་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་འཇའ་མེ་ཁ་ལ་འཚམས་འདྲིར་ཕེབས་པའི་ཞོར་དུ་ཝ་ཤིང་ཊོན་ལ་ཆེད་མངས་ཡོང་སྟེ། ཁོང་གིས་ཨ་མི་རི་ཀའི་སྲིད་འཛིན་གྱི་བུ་མོའི་མག་པར་ཐུག་འཕྲད་བྱས་པ་རྒྱ་ནག་གཞུང་གིས་སྔར་བཞིན་ཇཱེ་རི་ཁུ་ཤི་ནར་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་ལམ་གཙོ་བོ་ཞིག་ལ་རྩི་བཞིན་ཡོད་པ་མཚོན་ཐུབ། དོན་དངོས་སུ་ཉེ་ཆར་ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་ལ་འཕོ་འགྱུར་བཏང་ནས་བཟུང་། ཇཱེ་རི་ཁུ་ཤི་ནར་གྱི་དབང་ཚད་ཧ་ཅང་ཆུང་དུ་སོང་སྟེ། ཐ་ན་མི་མང་པོ་ཞིག་གིས་ཇཱེ་རི་ཁུ་ཤི་ནར་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེའི་ཁོངས་སུ་གནང་བ་ཞུ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། དབྱང་ཅེ་ཊི་དང་ཇཱེ་རུ་ཁུ་ཤི་ནར་གཉིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས། ད་ལོའི་ཕྱི་ཟླ་༡༡་པར་སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུ་དེར་གྲ་སྒྲིག་གང་ལེགས་དགོས་པ། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བརྟན་པོ་དང་ཡག་པོ་ཞིག་རྒྱུན་འཁྱོངས་ཐུབ་དགོས་པ་བཅས་ལ་གྲོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག ཁ་སྔོན་ཕྱི་ཟླ་༤་ནང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཨ་མི་རི་ཀར་ཕེབས་ཏེ། ཁོང་གིས་མ་ར་ལཱ་གོ་སྤྲོ་སྐྱིད་ཁང་དུ་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐུག་འཕྲད་བྱུང་བ་ཇཱེ་རི་ཁུ་ཤི་ནར་གྱིས་གོ་སྒྲིག་བྱས་ཡོད་པ་དང་། ཨ་རིའི་རྒྱལ་ནང་དུ་༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱེད་ཡོད་སྲིད་པའི་ཉེན་ཀ་ཡོད། ཇཱེ་རི་ཁུ་ཤི་ནར་ཨུ་རུ་སུའི་གཞུང་ལ་འབྲེལ་བ་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་ཁོ་པ་སྲིད་འཛིན་ཌོ་ནལ་ཊོམ་གྱི་སློབ་སྟོན་པ་དང་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེའི་ཁོངས་ནས་ཕྱིར་ཕུད་གཏོང་དགོས་ཞེས་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་ཇཱོན་ཁེ་ལིས་སྔོན་ཆད་ཇཱེ་རི་ཁུ་ཤི་ནར་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བསྐྱར་མཐུད་ཐུབ་ཡོད། ད་ལྟ་ཁོ་པས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་འཛིན་ཕྱོགས་ལ་ལས་འགན་ཁུར་དགོས་དོན་མེད་ཅེས་ལྟ་ཚུལ་བརྗོད་ཡོད། ཉམས་ཞིབ་པ་ཁག་ཅིག་གིས་ཉེ་ལམ་ཞིག་ནས་ཇཱེ་རི་ཁུ་ཤི་ནར་གྱི་དབང་ཐང་ཉམས་རུང་། ད་དུང་ཡང་རྒྱ་ནག་གིས་ཇཱེ་རི་ཁུ་ཤི་ནར་ལ་མཐོང་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་ཨ་མི་རི་ཀའི་ཆབ་སྲིད་དང་རྒྱལ་ཁབ་འཛིན་སྐྱོང་གི་ལམ་ལུགས་བཅས་ལ་རྒྱུས་མངའ་མེད་པའི་སྐྱོན་དུ་སྣང་། དཔེར་ན་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་བུ་རབས་ཚད་རྒྱུད་དང་གཉེན་ཚན་སོགས་ལ་དབང་ཚད་ཆེན་པོ་དང་ཤུགས་རྐྱེན་ཆེན་པོ། ཁོ་ཚོས་ལྐོག་ཏུ་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཁག་ལ་ཐེ་གཏོགས་བྱེད་ཆོག་གི་ཡོད་མོད། འོན་ཀྱང་ཨ་མི་རི་ཀ་ལྟ་བུའི་རང་དབང་དང་དམངས་གཙོ། ལྷག་པར་དུ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་བརྟན་པོ་ཚུགས་ཡོད་པའི་སྤྱི་ཚོགས་ཁག་ཏུ་སྲིད་འཛིན་གྱི་བུ་དང་བུ་མོ། རབས་ཚ་རྒྱུད་དང་གཉེན་ཚན་སོགས་ཀྱིས་གཞུང་གི་ལས་དོན་སྒྲུབ་ཕྱོགས་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཆོག་གི་མེད་པ་དང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཆབ་སྲིད་ལམ་ལུགས་ངོས་མ་ཟིན་པར་ཇཱེ་རི་ཁུ་ཤི་ནར་ལ་མཐོང་འཇོག་ཆེན་པོ་ཞིག་བྱེད་ཀྱིན་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG