ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༡༤

རྒྱ་ནག་ཏུ་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རྫི་བྱེད་བཞིན་ཡོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་གཞུང་གི་ཆེད་བརྗོད།

༄༅།།ཉེ་ཆར་འགྲེམ་སྤེལ་བྱས་པའི་རྒྱལ་སྤྱིའི་ཆོས་ལུགས་དད་མོས་རང་དབང་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་མུ་མཐུད་དུ་ཆོས་ལུགས་ལ་དམ་དྲག་དང་། དོན་གཉེར་ཅན་དང་ཆོས་དད་རང་མོས་ལ་ཕྱོགས་མཁན་གྱི་ལས་འགུལ་ལ་ཚོད་འཛིན་བྱེད་བཞིིན་ཡོད།

ཕྱི་ལོ་༢༠༡༦་ནང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་དེབ་སྐྱེལ་བྱས་ཡོད་མེད་ལ་མ་ལྟོས་པར་ཆོས་ལུགས་ཚོགས་པ་ཁག་ལ་ཆོས་ལུགས་དད་མོས་སམ་ཡང་ན་ཉམས་ལེན་དང་འབྲེལ་བའི་བྱ་ལས་ལ་གཞི་བྱས་ནས་གཟུགས་པོར་མནར་གཅོད་གཏོང་བ་དང་། བཀག་ཉར། འཛིན་བཟུང་། བཙོན་འཇུག བསུན་གཙེར་བཟོ་བ་སོགས་བྱས་ཡོད་པ་དང་། དེབ་སྐྱེལ་བྱས་མེད་པའི་ཡེ་ཤུའི་ལྷ་ཁང་ཁག་གི་ཁོངས་མི་རྣམས་ལའང་དེ་ལྟར་བྱས་ཡོད།

དེབ་སྐྱེལ་བྱས་མེད་པའི་ཡེ་ཤུའི་ལྷ་ཁང་ཞིག་གི་ཆོས་དཔོན་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་ལྷ་ཁང་མར་བཤིག་པར་ངོ་རྒོལ་བྱས་པའི་སྐབས་སུ་གསོན་པོར་ས་འོག་ཏུ་བཅུག་སྟེ་ཆོས་དཔོན་ཐར་ཙམ་བྱུང་ནས་བཟའ་ཟླའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཐོན་པ་རེད། གནམ་བདག་ཡེ་ཤུའི་ཆོས་ལུགས་ཀྱི་བླ་མ་གར་སོང་ཆ་མེད་དུ་གྱུར་བ་དང་། རྒྱ་ནག་གཞུང་གིས་རང་སྲོག་བཅད་པར་བཤད་པའི་ཧོས་རིགས་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དོན་གཉེར་བ་ཞིག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ཀྱང་བྱུང་ཡོད། ཧྥ་ལོན་གུང་རྩ་རླུང་སྒོམ་སྒྲུབ་ཚོགས་པས་ཁོ་ཚོའི་ཁོངས་མི་མང་པོ་ཞིག་བཀག་ཉར་འོག་ཚེ་འདས་སུ་གྱུར་བར་བཤད་ཡོད།

རྒྱ་ནག་གཞུང་གིས་མུ་མཐུད་དུ་ཞིན་ཅང་ཡུ་གུར་བའི་ཆོས་ལུགས་ཉམས་ལེན་དང་ཆོ་གའི་རིགས་ལ་དམ་དྲག་བྱེད་བཞིན་ཡོད། སྲིད་གཞུང་གིས་ད་རུང་ཕྱི་རྒྱལ་ཁག་ཏུ་ཡོིད་པའི་ཁ་ཆེ་ཡུ་གུར་བ་མང་པོ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་ཞེས་ནུས་ཤུགས་འདོན་བཞིན་པ་དང་། མི་སྣ་དེ་དག་ལས་མང་པོ་ཞིག་གིས་རྒྱ་ནག་ཏུ་ཆོས་ལུགས་དད་མོས་ལ་རྐྱེན་བྱས་ནས་ཁྲིམས་ལ་སྦྱོར་ཉེན་ཡོད་ཅེས་བཤད་དེ་སྐྱབས་བཅོལ་ཞུས་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། བོད་པ་དགེ་འདུན་པ་ཞིག་དང་མི་སྐྱ་གཉིས་བཅས་བོད་མི་གསུམ་གྱིས་ཕྱི་ལོ་༢༠༡༦་ནང་རང་ལུས་མེར་སྲེག་གནང་བ་དང་། བཙུན་མ་གསུམ་གྱིས་ཆོས་ལུགས་དད་མོས་རང་དབང་ལ་དམ་དྲག་བྱས་པ་ནང་དུ་ཚུད་པའི་སྲིད་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་རང་སྲོག་བཅད་པའི་གནས་ཚུལ་སྤེལ་ཡོད། ༢༠༡༦་ལོའི་ཕྱི་ཟླ་བདུན་པའི་ནང་སི་ཁྲོན་ཞིང་ཞིང་ཆེན་གྱི་གཞུང་ཕྱོགས་མི་སྣས་ནང་ཆོས་སློབ་གཉེར་ཁང་བླ་རུང་སྒར་གྱི་གྲྭ་ཤག་ཉིས་སྟོང་ལྷག་བཤིག་ནས་གྲྭ་བཙུན་ཉིས་སྟོང་ལྷག་ཕྱིར་འཕུད་བཏང་བ་རེད།

ཀྲེ་ཅང་ཞིང་ཆེན་དུ་ཕྱི་ལོ་༢༠༡༤་ནས་བཟུང་། གཞུང་འཛིན་པ་རྣམས་ཀྱིས་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་སྒོ་སྤེལ་སའི་ཁང་ཐོག་མང་པོ་གཏོར་བཤིག་གཏོང་བའི་ལས་འགུལ་སྤེལ་བཞིན་པ་རེད། ཕྱི་ལོ་༢༠༡༦་ལོའི་ལོ་མཇུག་བར་རྒྱ་གྲམ་གསལ་ཤིང་༦༠༠་ནང་དུ་འདུ་བའི་ཁང་བཀོད་ཉིས་སྟོང་ལྷག་མར་བཤིག་པ་རེད། ཀྲེ་ཅང་གི་ཆོས་བླ་དང་དད་ལྡན་མང་པོས་ལས་འགུལ་དེ་ལ་མངོན་སུམ་སྒོས་ངོ་རྒོལ་བྱས་པར་བརྟེན་ཡེ་ཤུའི་ལྷ་ཁང་གི་འགོ་ཁྲིད་དང་ལས་འགུལ་བ་ཁག་ཅིག་བཀག་ཉར་དང་། ཁྲིམས་སྦྱོར། ཉེས་འགེལ་སོགས་བྱས་ཡོད།

ཨ་རིས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྟེང་ངོས་ལེན་བྱེད་པའི་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་ཁག་ལ་བརྩི་འཇོག་བྱ་རྒྱུ་དང་ཆོས་ལུགས་དད་མོས་ལ་བརྟེན་བཙོན་འཇུག་བྱས་ཡོད་པ་དག་ལམ་སེང་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་མུ་མཐུད་རྒྱག་བཞིན་པ་ཡིན།།

XS
SM
MD
LG