ཁ་སྔོན་ཕྱི་ཟླ་༦་ནས་འབྲུག་ཡུལ་དང་འབྲས་ལྗོངས། བོད་ཀྱི་འབྲོག་ལམ་ས་ཁུལ་བཅས་ཕྱོགས་གསུམ་གྱི་མངའ་ཁོངས་འདྲེས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་འགྲེམ་འཇོག་བྱས་ནས་ཛ་དྲག་ལངས་ཡོད་པ་དང་། རྒྱ་ནག་གིས་བོད་མཐོ་སྒང་དུ་དམག་སྦྱོང་ཡུན་རིང་བྱས་ནས་རྒྱ་གར་ལ་འཐབ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་ལྟར་རྒྱ་གར་གྱིས་ཀྱང་བོད་ཀྱི་ས་མཚམས་སུ་དམག་དཔུང་ཁ་སྣོན་བཏང་ནས་འཐབ་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། དེ་རིང་ཕྱི་ཟླ་༨་ཚེས་༢༤་ཉིན་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་སླར་ཡང་རྒྱ་གར་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་ཟིན་པའམ། ཡང་ན་རྒྱ་གར་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་འཆར་ཡོད་པའི་རྒྱ་ནག་གི་སྤྱི་དམངས་ཚོས་རང་གི་བདེ་འཇགས་ལ་དོ་གཟབ་ནན་པོ་བྱ་དགོས། རྒྱ་ནག་གི་སྤྱི་དམངས་ཚོས་རྒྱ་གར་གྱི་ས་གནས་ཁག་གི་བདེ་འཇགས་ལ་དོགས་ཟོན་བྱ་དགོས་པ་དང་ཕྱི་ལོགས་སུ་བསྐྱོད་རྒྱུ་ཉུང་དུ་གཏོང་དགོས། ཁོ་ཚོས་སྒེར་གྱི་ཅ་དངོས་དང་དངུལ་སྒོར་སོགས་ལ་བདག་པོ་ཡག་པོ་རྒྱག་དགོས། ཁོ་ཚོ་གང་དུ་བསྐྱོད་ཀྱང་རང་གི་བཟའ་ཟླ་དང་དགའ་ཉེ་གྲོགས་པོ་སོགས་ལ་འབྲེལ་བ་བྱས་ནས་འགྲིམ་འགྲུལ་གྱི་གནས་ཚུལ་ཞིབ་ཕྲ་བཤད་དགོས། རྒྱ་ནག་གི་སྤྱི་དམངས་ཚོས་རང་གི་ཕྱིར་སྐྱོད་ལག་འཁྱེར་གྱི་དུས་ཡུན་རྫོགས་ཀྱི་ཡོད་མེད་བལྟ་དགོས་པ་དང་། རྒྱ་ལམ་གྱི་འཚང་ཁའི་ནང་དུ་བརྡབ་སྐྱོན་འབྱུང་སྲིད་པ་དང་འགོས་ནད་ཁྱབ་སྲིད་པ་བཅས་ལའང་དོགས་ཟོན་བྱ་དགོས་ཞེས་བཀོད་ཁྱབ་བཏང་ཡོད་པ་མ་ཟད། ཁ་སྔོན་ཕྱི་ཟླ་༧་ཚེས་༧་ཉིན་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་རང་གི་སྤྱི་དམངས་ལ་བཀོད་ཁྱབ་ཐེངས་དང་པོ་བཏང་ཡོད་པ་རེད།།