ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དགེ་ཀྱཱ་རིན་པོ་ཆེ་སྐུ་གཤེགས་པ།


ཉེ་ཆར་སྤྱི་ཟླ་༨་པའི་ཚེས་༦་ཉིན་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ཟུར་པ་དགེ་ཀྱྰ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་ཅིང་། བོད་པ་ཚོས་ཡོངས་གྲགས་སུ་དགེ་ཀྱྰ་རིན་པོ་ཆེ་ཞུ་བའི་དམ་པ་དེ་ཉིད་༡༩༣༤་ལོའི་ཧོར་ཟླ་༡༡་པའི་ཚེས་༨་ཉིན་ཡབ་གུ་རུ་ཚེ་བརྟན་དང་ཡུམ་ཡེ་ཤེས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འབུམ་ཚོ་དྲུག་གི་ནང་གསེས་ཀླུ་འབུམ་ཚོ་བའི་རློན་པ་སྡེ་པར་འཁྲུངས། དགུང་ལོ་༧་གྱི་སྟེང་དུ་ཨ་ཀྱྰ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་དྲུང་དུ་རབ་བྱུང་གི་སྡོམ་པ་ཞུས། དགུང་ལོ་༢༤་སྟེང་སྐུ་འབུམ་དགོན་པའི་ཁྲི་པ་ཕེབས། ༡༩༥༨་ལོར་མདོ་ཁམས་ཀྱི་བོད་ས་ཡོངས་ལ་རྒྱ་ནག་གི་བཅིངས་འགྲོལ་དམག་ཟེར་པའི་དམག་སྡེས་བཙན་འཛུལ་བྱས་ཏེ། བོད་པ་སེར་སྐྱ་གང་དྲག་ཡོད་ཚད་འཛིན་བཟུང་བྱས་པའི་གྲས་སུ་དགེ་ཀྱྰ་རིན་པོ་ཆེ་ཡང་སྐབས་དེར་འཛིན་བཟུང་བྱས་ནས་ལོ་༢༢་བཙོན་ཁང་དུ་བཞུགས། ༡༩༧༨་ལོར་རྒྱ་གཞུང་གིས་བསྐྱར་དུ་ཆོས་སྒོ་ཕྱེས་ནས་དགེ་ཀྱཱ་རིན་པོ་ཆེ་བཙོན་ཁང་ནས་གློད་གྲོལ་བཏང་ཞིང་། སྐབས་དེར་དགུང་ལོ་༤༧་དུ་ཕེབས། ཕྱི་ལོ་༡༩༧༩་ལོར་སླར་ཡང་སྐུ་འབུམ་དུ་ཕེབས་ནས་གཙོ་བོར་གསེར་ཁང་རི་ཁྲོད་དང་གནམ་རྫོང་རྩེ་སོགས་སུ་སྒྲུབ་པ་ཉམས་ལེན་ལ་གཞོལ། ༢༠༡༥་ལོའི་ཟླ་དགུ་པར་རྒྱ་བོད་ཧོར་གསུམ་གྱི་དད་ལྡན་སེར་སྐྱ་མི་དམངས་ཁྲི་ཕྲག་མང་པོར་སྐུ་འབུམ་བྱམས་པ་གླིང་དུ་དུས་འཁོར་དབང་ཆེན་གནང་བ་སོགས་བཤད་སྒྲུབ་གཉིས་ཀྱི་མཛད་པ་བསྐྱངས། དགེ་ཀྱྰ་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་ཁག་ཅིག་ད་ལྟ་སོག་ཡུལ་དུ་མཛད་འཕྲིན་སྐྱོང་བཞིན་པའི་ནམ་རྒྱུན་ཨ་རིར་བཞུགས་མཁན་སྐུ་འབུམ་བྱམས་པ་གླིང་གི་དགོན་བདག་ཨ་ཀྱྰ་རིན་པོ་ཆེ་མཆོག་ལ་ཨ་རིའི་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པར་གསུངས་དོན། དགེ་ཀྱྰ་རིན་པོ་ཆེ་མཆོག་དང་ངེད་གཉིས་ཆུང་དུས་བསླབ་པ་སློབ་གཉེར་མཉམ་དུ་བྱས་མྱོང་ཡོད། སྐབས་དེར་དགེ་ཀྱྰ་རིན་པོ་ཆེ་མཆོག་གིས་སློབ་གཉེར་གྱི་མཛད་པ་རྒྱ་ཆེར་བཞེས་ཀྱིན་འདུག ཐོག་མར་༡༩༥༨་ལོར་དགེ་ཀྱཱ་རིན་པོ་ཆེ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་གྱི་མཛད་འགན་བཞེས་བཞིན་པའི་སྐབས་སུ་རྒྱ་དམག་གིས་འཛིན་བཟུང་བྱས་ནས་ལོ་ཉི་ཤུ་རྩ་གྲངས་ལ་བཙོན་དུ་བཅུག་སོང་། རྗེས་སུ་༡༩༧༨་གཞུག་ལ་སྲིད་ཇུས་ཅུང་ཟད་གུ་ཡངས་བྱུང་ནས་གློད་བཏང་འདུག དེའི་རྗེས་སུ་སླར་ཡང་སྐུ་འབུམ་དགོན་པ་སོགས་སུ་བཞུགས་ནས་བཤད་སྒྲུབ་གཉིས་ཀྱི་མཛད་པ་བསྐྱངས་སོང་། དགེ་ཀྱྰ་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་པའི་ལས་སྣེ་སོགས་མང་པོ་འཛོམས་སར་ཞལ་ཆེམས་ཀྱི་ཚུལ་དུ་ང་གྲོངས་པའི་རྗེས་སུ་ཡང་སྲིད་འཚོལ་མི་དགོས་ཞེས་ཞལ་གདམས་གནང་ཡོད་པ་དང་། ཡང་སྲིད་བཙལ་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པར་ཕན་ཐོགས་རྒྱུ་ལས་གནོད་སྐྱེལ་སྲིད་ཅེས་གསུངས་པ་གོ་ཐོས་བྱུང་། གལ་སྲིད་ཁོང་གིས་དེ་འདྲའི་གསུང་ཕེབས་ཡོད་པ་བདེན་ན་རྗེས་འཇུག་སློབ་མ་དང་དད་ལྡན་པ་རྣམས་ཀྱིས་བླ་མའི་ཐུགས་བཀོད་བཞིན་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་སོ།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG