ངོ་འཕྲད་བདེ་བའི་དྲ་འབྲེལ།


༄༅།། ༢༠༡༧་ལོའི་ཕྱི་ཟླ་༧་ཚེས་༤་དང་ཚེས་༢༨་གཉིས་ལ་བྱང་ཀོ་རི་ཡས་རྒྱང་འཕེན་མེ་ཤུགས་འཕུར་མདེལ་རེ་ཚོད་ལྟ་བྱས་པ་དང་། གཟའ་མཇུག་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས། མཉམ་འབྲེལ་ཁེ་ལས་སོགས་བཀག་སྡོམ་བྱེད་པའི་ཉེས་ཆད་གསར་པ་ཁག་ཅིག་བཙན་འགེལ་བྱ་དགོས་པའི་སྤྱི་མོས་གྲོས་ཆོད་བཞག་ཅིང་། ད་ཐེངས་ཀྱི་གྲོས་ཆོད་དེས་བྱང་ཀོ་རི་ཡར་རྒྱལ་སྤྱིའི་ཐོག་ནས་དངུལ་སྒོར་ཡོང་འབབ་ཡོད་པ་མེད་པར་གཏོང་རྒྱུའི་ཐབས་ཇུས་ཤིག་ཡིན་པ་སྟེ། བྱང་ཀོ་རི་ཡའི་རྡོ་སོལ་དང་ལྕགས། མཚོ་ཟས་ཀྱི་རིགས་རྣམས་ཕྱིར་ཚོང་བྱེད་ཀྱིན་ཡོད་པ་འགོག་རྒྱུ། ད་དུང་བྱང་ཀོ་རི་ཡའི་དངུལ་ཁང་ཁག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་མཉམ་འབྲེལ་ཚོང་ལས་གཉེར་གྱིན་ཡོད་པ་འགོག་ཐབས་བྱ་རྒྱུའི་ཐག་བཅད། ཡིན་ནའང་བྱང་ཀོ་རི་ཡའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་ཁ་རྡུང་དྲག་པོ་བཏང་སྟེ། ཁོ་ཚོས་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་གཏན་ནས་ངོས་ལེན་བྱ་རྒྱུ་མིན། བྱང་ཀོ་རི་ཡས་གླིང་བརྒལ་འཕེན་ཕོག་འཕུར་མདེལ་ཚོད་ལྟ་རིམ་པ་ཞིག་བྱས་པ་ཨ་མི་རི་ཀར་ཉེན་བརྡ་གཏོང་བའི་ཆེད་དུ་ཡིན། ཨ་མི་རི་ཀས་རང་ཚོད་མ་ཟིན་པར་དམག་སྦྱོང་བྱས་པ་དང་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་གཅོད་དུ་འཇུག་གི་ཡོད། ཨ་མི་རི་ཀས་རང་ཉིད་ཞི་བདེ་རྒྱ་མཚོའི་ཕ་རོལ་དུ་ཡོད། རྒྱ་མཚོའི་ཕ་རོལ་དུ་ཡོད་ན་བདེ་འཇགས་ཡིན་བསམ་སྲིད། ཡིན་ནའང་ཨ་མི་རི་ཀར་དེ་ལས་ལྷག་པའི་འཁྲུལ་སྣང་གི་ནོར་འཁྲུལ་འབྱུང་རྒྱུ་ཅི་ཡང་མེད། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་ཨ་མི་རི་ཀའི་གྲོང་ཁྱེར་ཁག་ལ་སྙོབ་ཐུབ་ཅེས་སྡིགས་ར་བསྐུལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་གྱིས་བྱང་ཀོ་རི་ཡས་སྔོན་འགྲོའི་ཆ་རྐྱེན་བསྒྲུབ་ན་ཨ་མི་རི་ཀས་བྱང་ཀོ་རི་ཡར་ཐད་ཀར་གྲོས་མོལ་བྱ་ཆོག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ལྷོ་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཉིས་འཁྱུག་ཙམ་རིང་ལ་ཐུག་འཕྲད་བཀའ་མོལ་བྱུང་། འདས་པའི་ལོ་ཤས་རིང་ལྷོ་བྱང་ཀོ་རི་ཡ་གཉིས་འབྲེལ་བ་ཆད་པ་སླར་གསོ་ཐུབ་པའི་རྟགས་མཚན་ཞིག་མངོན། ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་གྲོས་མོལ་རྒྱུན་འཁྱོངས་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། སྲིད་འཛིན་ཟུར་པ་ཕག་གེང་ཧེའི་དུས་སུ་བྱང་ཀོ་རི་ཡར་སྲིད་ཇུས་མཁྲེགས་པོ་ཞིག་བཟུང་བ་དེར་འགྱུར་བ་གཏོང་རྒྱུ་ཡིན་ཞེས་བཤད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུ་ཅེ་དབྱིན་ལ་བཀའ་མོལ་གནང་བ་མ་ཟད། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་འགེལ་དགོས་པའི་གྲོས་ཆོད་བཞག་པར་བསྔགས་བརྗོད་བྱས་ཤིང་། རྒྱ་ནག་གིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་ཛ་དྲག་གནས་སུ་ལྷུང་ཡོད། དེར་བརྟེན་ཞི་བའི་གྲོས་མོལ་གྱི་ལམ་ནས་ཛ་དྲག་ཞི་འཇམ་གཏོང་དགོས་པའི་འགག་རྩ་རུ་སླེབས་འདུག་ཅེས་བཤད། སྔོན་ཆད་ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་དང་བྷུ་ཤཱི། ཨོ་བྷ་མ་བཅས་སྲིད་གཞུང་སྔ་རྗེས་གསུམ་གྱིས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱས་པར་གྲུབ་འབྲས་ཐོན་མེད། ཨ་རིའི་སྲིད་འཛིན་ཟུར་པ་འཇོར་ཇི་བྷུ་ཤཱིའི་དུས་ནས་ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་མི་རི་ཀ ཉི་ཧོང་དང་ཨུ་རུ་སུ། རྒྱ་ནག་བཅས་འབྲེལ་ཡོད་རྒྱལ་ཁབ་དྲུག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་བྱས་ཀྱང་གནད་དོན་ཐག་མ་ཆོད། རྒྱ་ནག་གིས་ཨ་མི་རི་ཀས་ཐད་ཀར་བྱང་ཀོ་རི་ཡར་གྲོས་མོལ་བྱ་དགོས་ཟེར་གྱི་ཡོད་པར་ཨ་མི་རི་ཀ་མི་འཐད། ཨ་མི་རི་ཀས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་མ་བྱས་གོང་དུ་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཞེས་སྔོན་འགྲོའི་ཆ་རྐྱེན་འཇོག་གི་ཡོད་ཅིང་། བྱང་ཀོ་རི་ཡས་རང་གི་བདེ་འཇགས་སྲུང་སྐྱོབ་དང་སྲིད་གཞུང་སྲ་བརྟན་ཆེད་དུ་རྡུལ་ཕྲན་མཚོན་ཆ་དགོས་ངེས་ཡིན། གལ་སྲིད་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་མེད་ན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་སོགས་ཀྱིས་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་སྟེ་ལྷོ་ཀོ་རི་ཡའི་དབང་སྒྱུར་འོག་ཏུ་ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་གྱུར་བྱ་སྲིད་པའི་བློ་འཚབ་ཡོད། བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་ནས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་ཨ་མི་རི་ཀའི་ཤུགས་རྐྱེན་ཁྱབ་ན་རྒྱ་ནག་ལའང་དགེ་མཚན་མེད། བྱང་ཀོ་རི་ཡ་འཚོ་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རྒྱ་ནག་གིས་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་དང་ཚོང་ལས་གཉེར་པ། རྒྱ་ནག་བརྒྱུད་ནས་བྱང་ཀོ་རི་ཡས་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་གཉེར་ཐུབ་ཀྱི་ཡོད་པར་ཐུག་ཡོད། ཉམས་ཞིབ་པ་ཕལ་ཆེ་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་གསར་པས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་འགོག་མི་ཐུབ། ཁོ་ཚོའི་རྩ་ཁྲིམས་སུ་དམག་དོན་ཨང་དང་པོར་འཛིན་དགོས་ཞེས་བཀོད། དེས་ན་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་བཏང་ནས་དམག་དོན་ལ་འགྲོ་གྲོན་གཏོང་རྒྱུ་ཉུང་འཕྲི་བྱ་མི་སྲིད་པའི་ཚོད་དཔག་བྱས་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་བཏང་ན་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་ཞི་བདེ་བསྐྲུན་ཐུབ། ཐ་ན་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའང་མེད་པར་གཏོང་ཐུབ་པའི་རེ་བ་འཆང་གི་ཡོད་མོད། འོན་ཀྱང་ལྷོ་ཀོ་རི་ཡའི་སྲིད་གཞུང་སྔོན་མ་ཁག་གིས་སྲིད་ཇུས་དེ་འདྲ་ཞིག་གཏན་ནས་ལག་ལེན་བསྟར་མེད་པ་ཞིག་མིན། དཔེར་ན་༡༩༩༨་ནས་༢༠༠༨་བར་དུ་ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་དང་ཆབ་སྲིད་ཀྱི་འབྲེལ་བ་བཙུགས་པ། ལྷོ་ཀོ་རི་ཡའི་སྲིད་འཛིན་ཀིམ་ཏེ་ཇུང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། ཁོང་ལ་ཕྱི་ལོ་༢༠༠༠་ལོའི་ནོ་བྷེལ་ཞི་བདེའི་གཟེངས་ཐོབ། ༩༨་ནས་༢༠༠༨་བར་གྱི་ལོ་བཅུའི་རིང་ལ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་ཐེངས་རེ་ཟུང་ལས་བྱས་མེད། མཐར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ལས་གྲྭ་སྒོ་མ་བརྒྱབ་པ་དང་། ལྷོ་ཀོ་རི་ཡའི་དཔལ་འབྱོར་རོགས་རམ་ཆད་པའི་རྗེས་སུ་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་འགོ་ཚུགས། ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་གྱི་ལས་དུས་གཉིས་པར་ཕྱི་སྲིད་དྲུང་ཆེ་ཨོལ་བྷ་ར་ཡེ་ཊི་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས། ཁོང་གིས་སྐབས་དེའི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨིལ་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱ་ཐུབ་པའི་རྣམ་པ་ཞིག་ཐོན། ཁེ་ལིན་ཊོན་གྱི་རྗེས་འཛིན་པ་སྲིད་འཛིན་འཇོར་ཇི་བྷུ་ཤཱིས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་ཞིང་། ཀིམ་ཇུལ་ཨིལ་འདས་གྲོངས་སུ་གྱུར་པའི་རྗེས་སུ་བུ་ཆུང་བ་ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་སྲིད་དབང་བཟུང་། ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ངོ་།

XS
SM
MD
LG