ངོ་འཕྲད་བདེ་བའི་དྲ་འབྲེལ།


༄༅།།འདས་པའི་དུས་རབས་མང་པོར་བོད་མཐོ་སྒང་ལ་ཆབ་སྲིད་ཀྱི་འཕོ་འགྱུར་ཅི་ཐེབས་ཀྱང་རྒྱ་དཀར་ནག་གཉིས་ཀས་ཟོན་བྱ། ༡༩༥༠་ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་༡༩༥༩་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། ༡༩༦༢་ལོར་རྒྱ་ནག་གིས་རྒྱ་གར་ལ་དམག་བརྒྱབ་ནས་རྒྱ་དཀར་ནག་གི་འབྲེལ་བ་གཞི་རྩ་བརྟན་པོ་ཞིག་གཏན་ནས་ཚུགས་ཐུབ་ཀྱི་མེད་ཅིང་། དཔེར་ན་ཉེ་དུས་ཤིག་ནས་སླར་ཡང་རྒྱ་དཀར་གཉིས་དང་འབྲུག་ཡུལ་བཅས་ཀྱིས་བོད་ཀྱི་གྲོ་མོ་རྫོང་གི་ཁོངས་སུ་གཏོགས་པའི་འབྲོག་ལམ་ས་ཁུལ་གྱི་བདག་དབང་བརྩད་དེ། རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་སོང་ནས་ཕྱོགས་གཉིས་ཀས་བོད་ཀྱི་ས་མཚམས་ཁག་ཏུ་དམག་དཔུང་འགྲེམ་འཇོག་བྱས་ནས་དམག་འཁྲུག་གི་གྲབས་བཤམས།

ཟླ་ཤས་གོང་ནས་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་གསོ་བ་རིག་པའི་བདག་དབང་དོན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ལྷན་ཁང་ལ་ཞུ་གཏུག་གི་འཐབ་རྩོད་གསར་པ་ཞིག་མགོ་བརྩམས། ཕྱི་ཟླ་༧་ཚེས་༢༧་ཉིན་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པས་བོད་པ་དང་ཕྱི་གླིང་པ། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། བོད་ཀྱི་གསོ་བ་རིག་པའི་གཞུང་ལ་རྒྱུས་མངའ་ཡོད་པའི་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུས་ནས་གསར་འགྱུར་སྤེལ་དོན། ཐོག་མར་རྒྱ་གར་གྱི་ཝ་ར་ཎ་སི་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་གྱིས། རྒྱ་ནག་ལ་བོད་ཀྱི་གསོ་བ་རིག་པ་རྒྱ་ནག་གི་རིག་གཞུང་ཁོངས་སུ་གཏོགས་པའི་རྩོད་པ་རྒྱག་ཆོག་པའི་ཐོབ་ཐང་ཡོད་ཚེ། རྒྱ་གར་ལའང་བོད་ཀྱི་གསོ་བ་རིག་པ་རྒྱ་གར་གྱི་རིག་གཞུང་ཁོངས་སུ་གཏོགས་པའི་རྩོད་པ་རྒྱག་ཆོག་པའི་ཐོབ་ཐང་ཡོད་ཅེས་བཤད།

བོད་པ་བཙན་བྱོལ་བ་དང་བོད་སྨན་ལ་ཞིབ་འཇུག་བྱེད་མཁན་ནུབ་ཕྱོགས་ཀྱི་མི་རྒྱུད་དཔྱད་ཞིབ་རིག་པ་བ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ལྷན་ཁང་གིས་བོད་སྨན་རྒྱ་དཀར་ནག་གཉིས་ཀྱི་གང་གི་རིག་གཞུང་ཁོངས་སུ་གཏོགས་དགོས་མིན་གྱི་ཐག་གཅོད་ཇི་ལྟར་བྱས་ཀྱང་དེ་ལ་ཁ་ཡོད་ལག་ཡོད་ཀྱི་ཤུགས་རྐྱེན་ཅི་ཞིག་ཐེབས་རྒྱུ་ཡིན་མིན་ཚོད་དཔག་དཀའ། གལ་སྲིད་བོད་ཀྱི་ཞིང་འབྲོག་ས་ཁུལ་ཁག་ཏུ་བོད་སྨན་གྱི་སྨན་བཅོས་སྤུས་ཚད་ཡག་ཏུ་བཏང་སྟེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ཞིང་། ཁྱད་པར་དུ་བོད་སྨན་རྣམས་ཚོང་རྗས་ཀྱི་ཆེད་དུ་བཟོ་སྒྲུབ་བྱ་མི་ཆོག་པའི་སྒྲིག་ཁྲིམས་གཏན་ལ་ཕབ་ན་དགེ་མཚན་ཆེ། ཡིན་ནའང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤེས་ཡོན་དང་ཚན་རིག རིག་གཞུང་ལྷན་ཁང་གིས་བོད་སྨན་ལ་ངོས་འཛིན་བྱས་པའི་རྗེས་སུ་བོད་སྨན་བཟོ་སྒྲུབ་ལ་ཚོད་འཛིན་མེད་པའམ། བོད་པ་ཚོས་ལོ་ངོ་སྟོང་ཕྲག་གི་རིང་ལ་ལག་ལེན་བསྟར་པའི་བོད་སྨན་གྱི་སྦྱོར་རྟ། ད་དུང་ནམ་ཟླའི་འགྱུར་ལྡོག་ལ་བསྟུན་ནས་སྔོ་སྨན་འཐུ་སྒྲུབ། བོད་སྨན་གྱི་རྒྱུ་ཆ་རྣམས་སྡེབ་སྦྱོར་བྱེད་སྟངས་ལ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་ཡོད་པ་རྩིས་མེད་བཏང་ན་བོད་ཀྱི་གསོ་བ་རིག་པ་རྒྱ་དཀར་ནག་གི་རིག་གཞུང་གང་གི་ཁོངས་སུ་ངོས་འཛིན་བྱས་ཀྱང་ཆག་སྒོ་ཆེན་པོ་ཞིག་གི་སྣ་འདྲེན་ཡིན་ཞེས་བཤད། རྒྱ་གར་དྷ་རམ་ས་ལའི་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ཀྱིས་རྒྱུད་བཞི་རྩ་བར་གྱུར་པའི་བོད་ཀྱི་གསོ་བ་རིག་པ་ནི་འགྲོ་བ་མི་ལ་ཕན་བདེ་སྒྲུབ་པའི་ཆེད་དུ་ཡིན། རྒྱ་དཀར་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རང་གི་རིག་གཞུང་ཁོངས་སུ་བོད་ཀྱི་གསོ་བ་རིག་པ་བསྡུ་ཐབས་ཀྱི་ཧམ་རྩོད་བྱེད་ཀྱི་ཡོད་པ་འོས་འཚམས་ཤིག་མིན་ཞེས་དགག

བོད་ཀྱི་གསོ་བ་རིག་པ་སོག་ཡུལ་དང་འབྲུག་ཡུལ། བལ་ཡུལ་དང་རི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་ཁག རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ལའང་དར་ཁྱབ་འགྲོ་བཞིན་ཡོད་ཅིང་། ནུབ་ཕྱོགས་པའི་ཉམས་ཞིབ་པ་ཁག་ཅིག་གིས་བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་ནི་དུས་རབས་༡༢་པར་གསར་དུ་བརྩམས། ཐོག་མར་སྤྱི་ལོའི་དུས་རབས་༨་པའམ། ཡང་ན་དེའི་སྔོན་ནས་བོད་སྨན་དར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ༡༩༩༠་གོ་གྲངས་ནས་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་གསོ་བ་རིག་པར་བདག་རྩོད་བྱ་རྒྱུ་འགོ་ཚུགས། ༢༠༡༠་ལོར་རྒྱ་གར་གྱིས་གཞུང་འབྲེལ་ཐོག་ཏུ་བོད་ཀྱི་གསོ་བ་རིག་པ་རྒྱ་གར་གྱི་གསོ་བ་རིག་པའི་ཁོངས་སུ་བརྩིས། བོད་སྨན་གྱི་འབྱུང་ཁུངས་དང་སྲོལ་རྒྱུན་དེའི་རྩ་བ་གང་ལ་ཐུག་ཡོད་མེད་ཐད་དུ་རྩོད་པ་འགའ་ཞིག་ཡོད་མོད། འོན་ཀྱང་བོད་ཀྱི་གསོ་བ་རིག་པའི་ལག་ལེན་མང་ཆེ་བ་རྒྱ་གར་གྱི་ཨ་ཡུར་ཝྭེ་དྷའི་སྲོལ་རྒྱུན་དང་འདྲ་ཤས་ཆེ། སྤྱི་ལོའི་དུས་རབས་གསུམ་པར་རྒྱ་གར་གྱི་ཨ་ཡུར་ཝྭེ་དྷའི་གསོ་བ་རིག་པ་བོད་ལ་དར་ཡོད་ཅེས་བཀྲལ།

ཁ་སྔོན་ཕྱི་ཟླ་༤་ནང་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་གཤིས་ཚུལ་བརྟག་དཔྱད་རིག་པ་བ་ཆིན་ཡུང་ཀྲང་ཞེས་པ་ཞིག་་གིས་རྩོམ་ཡིག་བྲིས་ཏེ། བོད་ཀྱི་གསོ་བོ་རིག་པའི་འབྱུང་ཁུངས་རྒྱ་ནག་ལ་ཐུག་ཡོད་པ་མ་ཟད། བོད་སྨན་རྒྱ་ནག་གི་ས་ཐོག་ཏུ་འཕེལ་རྒྱས་སོང་ཡོད། དཔེར་ན་ཆུ་ལུམ་ཞེས་པའི་བཅོས་ཐབས་ཤིག་ཡོད་པ་བོད་རང་སྐྱོང་ལྗོངས་ཚུད་པའི་རྒྱ་ནག་གི་ནུབ་ཕྱོགས་ཡོངས་སུ་དར་ཁྱབ་ཆེན་པོ་ཡོད་ཅེས་སྒྲུབ་བྱེད་བཀོད། ཨ་རིའི་ཀོ་ལིམ་བྷི་ཡའི་སློབ་གྲྭ་ཆེན་མོའི་སློབ་དཔོན་རོ་བྷར་ཊི་ཐར་མན་གྱིས་རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཡོད། དེར་བརྟེན་བོད་ཀྱི་གསོ་བོ་རིག་པའི་བདག་པོ་རྒྱ་ནག་ཡིན་ཞེས་ཨུ་ཚུགས་བརྒྱབ་ནས་རྩོད་པ་རྒྱག་ཆོག ཡིན་ནའང་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་རྒྱ་ནག་ལ་ཐུག་ཡོད་ཟེར་པ་ཧམ་བཤད་འབའ་ཞིག་རེད་ཅེས་དགག་པ་བརྒྱབ། མདོར་ན་ད་ལྟའི་དུས་འདིར་བོད་པ་ཚོས་བོད་ཀྱི་གསོ་བོ་རིག་པའི་བདག་པོ་བོད་པ་ཡིན། བོད་སྨན་བོད་མི་རིགས་ཀྱིས་གསར་གཏོད་བྱས་པ་ཡིན་ཞེས་རང་གི་རིག་གཞུང་ལ་བདག་པོ་རྒྱག་ཆོག་པའི་རང་དབང་མེད་པའི་མཚམས་སུ་ལྷུང་ངོ་།།

XS
SM
MD
LG