ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུན་རིང་མི་འགོར་པར་བྱང་ཀོ་རི་ཡའི་འཕུར་མདེལ་ཨ་རི་སྙོབ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ༢༠༡༦་གི་མགོ་སྟོད་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་བྱས་མེད། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་རྒྱུའི་རྟགས་མཚན་འདུག གཅིག་བྱས་ན་ཕྱི་ཟླ་༧་ཚེས་༢༧་ཉིན་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་སྲིད། ཅིའི་ཕྱིར་ཞེ་ན་ཕྱི་ཟླ་༧་ཚེས་༢༧་ནི་དེ་སྔ་༡༩༥༣་ལོར་ཀོ་རི་ཡའི་དམག་འཁྲུག་བར་མཚམས་འཇོག་རྒྱུའི་གྲོས་མཐུན་བྱུང་ནས་ལོ་༦༤་འཁོར་པའི་དུས་དྲན་ཡིན། ཉིན་མོ་དེ་བྱང་ཀོ་རི་ཡ་རྒྱལ་ཡོངས་སུ་གུང་སེང་ཡིན་པས་ཀིམ་ཇུང་ཨུན་གྱིས་རྒྱལ་ཡོངས་གུང་སེང་ལ་སྟབས་བསྟུན་ནས་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་རྒྱུའི་ཉེན་ཀ་ཡོད་ཅེས་བཤད། ད་དུང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཉམས་ཞིབ་པ་ཚོས་ལོ་རྗེས་མ་ཙམ་ལ་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་ཨ་མི་རི་ཀའི་ཨ་ལ་སི་ཀ་དང་ཧ་ཝ་དབྱི་མངའ་སྡེར་སྙོབ་ཐུབ། ད་ལྟ་བྱང་ཀོ་རི་ཡས་ཚོད་ལྟ་བྱ་འཆར་ཡོད་པའི་མེ་ཤུགས་འཕུར་མདེལ་རྣམས་གླིང་བརྒལ་འཕེན་ཕོག་འཕུར་མདེལ་གྱི་གྲས་སམ། ཡང་ན་ཧྭ་སུང་༡༤་རྟགས་ཅན་གྱི་འཕུར་མདེལ་གྲས་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཁ་སྔོན་ཕྱི་ཟླ་༧་ཚེས་༤་ཉིན་བྱང་ཀོ་རི་ཡས་གླིང་བརྒལ་འཕེན་ཕོག་འཕུར་མདེལ་ཞིག་ཚོད་ལྟ་བྱས་ནས་འཛམ་གླིང་ཡོངས་སུ་རྔམ་སྐྲག་ལངས། བྱང་ཀོ་རི་ཡས་རང་གི་མེ་ཤུགས་འཕུར་མདེལ་གྱི་རྩེ་མོར་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ། ང་ཚོའི་མེ་ཤུགས་འཕུར་མདེལ་གང་མགྱོགས་ཨ་མི་རི་ཀར་སྙོབ་ཐུབ་པ་ཞིག་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ལྷོ་ཀོ་རི་ཡའི་ཡོན་ཧོབ་གསར་འགྱུར་ལས་ཁང་གིས་རྒྱལ་ཁབ་དེའི་གསང་བའི་ལས་ཁང་གི་ལས་སྣེ་ཚོར་སྐད་ཆ་དྲིས་ནས་གནས་ཚུལ་སྤེལ་དོན། བྱང་ཀོ་རི་ཡས་ཕིང་ཡོང་ཨན་ཞིང་ཆེན་ལ་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱེད་པར་ངེས་པར་དུ་མཁོ་བའི་ཡོ་བྱད་རྣམས་སྐྱེལ་འདྲེན་བྱེད་ཀྱིན་འདུག ཁོ་ཚོས་ཅི་ཞིག་ཚོད་ལྟ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག་ཅེས་བཤད་པ་མ་ཟད། བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡས་ནད་འབུ་ཕྲ་མོའི་མཚོན་ཆ་ཞིག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལྐོག་གསོད་བྱ་རྒྱུའི་ངན་ཇུས་གཤོམ་བཞིན་འདུག ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡས་བཏང་བའི་འཇིགས་སྐུལ་རིང་ལུགས་པ་ཀིམ་ཞེས་པ་ཞིག་བྱང་ཀོ་རི་ཡས་འཛིན་བཟུང་བྱས་ཡོད། ཁོ་པར་ཨ་མི་རི་ཀས་ཨ་སྒོར་འབུམ་༧་ལྷག་སྤྲད་ཡོད་པ་དང་། ཀིམ་གྱི་ལག་ཏུ་དེང་རབས་ཀྱི་བརྡ་གཏོང་ཡོ་ཆས་རྣམས་འཁྱེར་འདུག བྱང་ཀོ་རི་ཡས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡར་དགྲ་ལན་སློག་ངེས་ཡིན་ཞེས་སྡིགས། ཁ་སྔོན་ཕྱི་ཟླ་༥་ཚེས་༧་ཉིན་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གི་འགན་འཛིན་གྱིས་གསར་འགོད་པ་ཚོར་བྱང་ཀོ་རི་ཡའི་མི་དམངས་རྣམས་ཀིམ་ཇུང་ཨུན་མེད་པར་བཏང་ན་དགའ་མོས་ཡོད་ཤས་ཆེ། ཁོ་ཚོས་ཀིམ་ཇུང་ཨུན་གྱི་དབང་སྒྱུར་འོག་ཏུ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ཀྱི་མེད་པ་ཤེས་གསལ་རེད་ཅེས་བཤད། ༡༩༤༠་ཞེ་གྲངས་ནས་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གིས་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཁག་ཅིག་ལྐོག་གསོད་བྱས་པའམ། ཡང་ན་ལྐོག་གསོད་ཀྱི་ཇུས་གཤོམ་བྱས་པའི་ལོ་རྒྱུས་ཡོད་ཅིང་། ཁ་སང་གཟའ་མིག་དམར་ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ཀྱིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པར་གྲུབ་འབྲས་འཐོན་ཐུབ་པའི་རེ་བ་ཡོད། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ལོགས་སུ་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཅི་ཙམ་གཅོད་དགོས་མིན་གྲོས་བསྡུར་བྱས་ཏེ། བྱང་ཀོ་རི་ཡར་ཉེས་ཆད་འཕར་མ་འགེལ་འཆར་ཡོད་པ་དེའི་ཁོངས་སུ་རྡོ་སྣུམ་སྐྱེལ་འདྲེན་བཀག་འགོག བྱང་ཀོ་རི་ཡའི་ལས་མི་རྣམས་ཕྱི་རྒྱལ་ལ་ངལ་རྩོལ་རྒྱུག་ཏུ་ཡོང་མི་ཆོག་པའི་བཀག་སྡོམ། བྱང་ཀོ་རི་ཡར་མཁའ་ལམ་དང་མཚོ་ལམ་བཀག་འགོག་གི་དམ་དྲག་ཆེ་རུ་གཏོང་དགོས་ཞེས་འཁོད། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་རྒྱུར་མོས་མཐུན་མ་བྱས་ཚེ། ཨ་མི་རི་ཀ་གཅིག་པུས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཅི་ཙམ་བཀལ་རུང་ནུས་པ་མི་འཐོན། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱས་ན་ཕན་ཐོགས་མི་འདུག ཨ་མི་རི་ཀས་བྱང་ཀོ་རི་ཡར་ཐད་ཀར་ཞི་བའི་གྲོས་མོལ་བྱས་ནས་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་འགོག་ཐུབ་པའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་མོད། འོན་ཀྱང་ཨ་མི་རི་ཀས་བྱང་ཀོ་རི་ཡར་ཐད་ཀར་གྲོས་མོལ་བྱ་རྒྱུ་མིན། ང་ཚོས་བྱང་ཀོ་རི་ཡར་གྲོས་མོལ་དང་བཟོད་བསྲན། ངང་སྒུག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་པའི་དུས་ཚོད་ཡོལ་ཚར་སོང་། ད་ནས་ཨ་མི་རི་ཀས་ཕྱི་འབྲེལ་ཐབས་ཇུས་དང་གྲོས་མོལ། གནོན་ཤུགས་དང་ཚོང་ལས་བཀགས་སྡོམ། ཐ་ན་དམག་གིས་དྲག་རྒོལ་བྱས་ནས་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་རྒྱུའི་གདམ་ཀ་ཡོད་ཚད་ལ་བསམ་གཞིག་བྱེད་བཞིན་ཡོད་ཅེས་ཉེན་བརྡ་བཏང་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱ་དགོས་ཞེས་རེ་བ་བཏོན་པར་བྱང་ཀོ་རི་ཡས་དང་ལེན་བྱས་མེད། དེར་བརྟེན་ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་འཆར་ཡོད་པར་རྟོག་ཞིབ་གཟབ་ནན་བྱེད་ཀྱི་ཡོད་སྐད། སྲིད་འཛིན་མུན་ཅེ་དབྱིན་གྱིས་སྔར་བཞིན་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་བཏང་ནས་དམག་འཁྲུག་གི་ཛ་དྲག་ཞི་འཇམ་གཏོང་རྒྱུའི་སྲིད་ཇུས་ལ་འགྱུར་བ་གཏོང་གི་མེད་པ་རུང་། ཉི་ཧོང་གི་ས་གནས་གང་སར་ས་འོག་ཏུ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་འགོག་པའི་ཁང་པ་འཛུགས་སྐྲུན་བྱས་ནས་ཉི་ཧོང་གི་བཟོ་ཚོང་ལས་ཁག་ཅིག་ལ་ཚོང་རྒྱུག་གི་ཡོད་པ་དང་། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་ཉི་ཧོང་དང་ལྷོ་ཀོ་རི་ཡ་རྒྱལ་ཡོངས། ཨེ་ཤི་ཡའི་ཤར་ཕྱོགས་སུ་ཡོད་པའི་ཨ་མི་རི་ཀའི་དམག་སྒར་ཁག་དང་རྒྱ་ནག་བཅས་ལ་སྙོབ་ཐུབ་བོ།།

XS
SM
MD
LG