ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཝང་དབྱིས་ས་མཚམས་ཀྱི་རྩོད་གཞི་རྒྱ་གར་གྱིས་བསླངས་པ་རེད་ཟེར།


༄༅།། དེང་སྐབས་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་འགྲེམ་འཇོག་དང་དམག་འཁྲུག་ལ་གྲ་སྒྲིག རྒྱ་ནག་གིས་བོད་ཀྱི་མཐོ་སྒང་ས་ཁུལ་དུ་དམག་སྦྱོང་བྱས་ཏེ། རྒྱ་དཀར་ནག་གཉིས་ཀས་རང་གི་དབང་སྒྱུར་ས་མཚམས་ཁག་ཏུ་ཛ་དྲག་ཡོད་པའི་རྣམ་པ་ཞིག་སྟོན་གྱི་ཡོད་ཅིང་། དེ་རིང་ཕྱི་ཟླ་༧་ཚེས་༢༥་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་དཀར་ནག་གི་ས་མཚམས་སུ་ཛ་དྲག་འབྱུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་གར་ལ་ཐུག་ཡོད། རྒྱ་གར་གྱི་རྒྱ་ནག་གི་ས་ཐོག་ཏུ་དམག་དཔུང་འགྲེམ་འཇོག་བྱེད་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས། ས་མཚམས་ཀྱི་རྩོད་རྙོག་སུས་བསླངས་པ་ཡིན་མིན་གྱི་དོན་དངོས་ལ་རྩོད་པ་རྒྱག་དགོས་དོན་ཅི་ཡང་མེད། ཐ་ན་རྒྱ་གར་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ཀྱང་རྒྱ་ནག་གི་དམག་རྣམས་རྒྱ་གར་གྱི་ས་མཚམས་བརྒལ་ནས་འཛུལ་ཞུགས་བྱས་མ་སོང་ཞེས་བཤད་ཡོད། འདི་ནི་རྒྱ་གར་གྱིས་རང་གི་དམག་རྣམས་ས་མཚམས་བརྒལ་ནས་རྒྱ་ནག་གི་ས་ཐོག་ཏུ་འཛུལ་ཞུགས་བྱས་པ་ངོས་ལེན་བྱས་པ་མཚོན་ཐུབ། ད་ལྟ་རྒྱ་དཀར་ནག་གི་ས་མཚམས་སུ་ཛ་དྲག་ལངས་ཡོད། འདི་ནི་འདས་པའི་ལོ་བཅུ་ཕྲག་འགའ་ཞིག་ལ་བྱུང་མྱོང་མེད། གལ་སྲིད་རྒྱ་གར་ལ་ཕྱོགས་གཉིས་ཀྱི་ས་མཚམས་སུ་དུས་ཡུན་ཟླ་བ་གཅིག་ལྷག་ལ་ཛ་དྲག་བྱུང་ཡོད་པ་ཞི་འཇམ་གཏོང་འདོད་ཡོད་ཚེ། ཁོ་ཚོས་རང་གི་དམག་རྣམས་ས་མཚམས་ནས་ཕྱིར་འཐེན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཟླ་བ་སྔོན་མར་རྒྱ་ནག་གིས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་བྱས་ཀྱང་རྒྱ་གར་གྱི་དམག་གིས་འབྲོག་ལམ་ས་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་བྱེད་མི་ཆོག་ཅེས་བཀག འབྲོག་ཡུལ་གྱིས་འབྲོག་ལམ་ས་ཁུལ་ཧྲིལ་བོ་འབྲུག་པའི་མངའ་ཁུལ་ཡིན་གྱི་ཡོད་པ་མ་ཟད། འབྲོག་ལམ་ས་ཁུལ་དེ་ཉིད་བོད་དང་འབྲས་ལྗོངས། འབྲུག་ཡུལ་བཅས་ཕྱོགས་གསུམ་འདྲེས་མཚམས་སུ་ཆགས་ཤིང་། ༡༩༥༩་གོང་དུ་འབྲོག་ལམ་ས་ཁུལ་ནི་བོད་ཀྱི་གྲོ་མོ་རྫོང་གི་ཁོངས་སུ་གཏོགས་པ་མ་ཟད། གྲོ་མོ་རྫོང་གི་རྫོང་དཔོན་དང་ལས་སྣེ་རྣམས་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། འདས་པའི་དུས་རབས་མང་པོ་འབྲུག་དང་འབྲས་ལྗོངས། མོན་ཡུལ་བཅས་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་ལྷོ་མོན་ཞེས་འཁོད་ཡོད་པ་གྲངས་ཀྱིས་མི་ལང་བ་ཞིག་རྙེད་རྒྱུ་ཡོད་རུང་། ད་ལྟ་བོད་ཀྱི་ས་ཆ་དེ་ཉིད་རྒྱ་དཀར་ནག་གཉིས་དང་འབྲུལ་ཡུལ་གྱི་རྩོད་གཞི་ཞིག་ཏུ་གྱུར་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG