ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་འཛིན་ཁྲ་རམ་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་པའི་རེ་བསྐུལ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ ཨ་མི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནོལ་ཁྲ་རམ་ལ་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་དགོས་པའི་རེ་བསྐུལ་གནང་འདུག་ དེ་ཡང་ སྲིད་སྐྱོང་མཆོག་གིས་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་ནང་ བོད་དོན་ཞུ་བསྐུལ་གྱི་ལས་དོན་གནང་བར་ཕེབས་པའི་ཞོར་དུ་ འདི་ག་རྒྱལ་སའི་མངའ་ཁུལ་གྱི་ཚགས་པར་གལ་ཆེན་ཞིག་གི་ཐོག་རྩོམ་ཡིག་ཞིག་བྲིས་བཀོད་གནང་ཡོད་པ་དེའི་ནང་ གོང་གི་རེ་བསྐུལ་དེ་གནང་བ་དང་སྦྲགས་ སྐུ་ཞབས་ཁྲ་རམ་གྱིས་རྒྱལ་དོན་འཚམས་འདྲི་ཐོག་མར་དེ་ཁ་ཆེའི་གནས་ས་རྩ་ཆེན་ཡོད་ས་སཱུ་དྷི་ཨཱ་ར་བྷི་ཡ་ལ་གནང་བ་དང་ དེ་རྗེས་ཇིའུ་ཆོས་ལུགས་ཀྱི་ལྟེ་གནས་ཨིས་རལ་དང་ དེ་ནས་ཡེ་ཤུའི་བླ་ཆེན་པོབ་མཆོག་དང་མཇལ་འཕྲད་གནང་བ་སོགས་ ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་མཇལ་འཕྲད་དང་ གནས་ས་ཁག་ལ་ཕེབས་པ་བཅས་གནང་ཡོད་པ་བཞིན་ འཛམ་གླིང་ནང་གི་ནང་པ་དུང་ཕྱུར་པོའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡང་མཇལ་འཕྲད་ཞུས་པ་ཡིན་ན་ སྲིད་འཛིན་གྱི་མཇལ་འཕྲད་གནང་སྒོ་ཕུན་སུམ་ཧ་ཅང་ཚོགས་པོ་ཡོང་རྒྱུ་རེད་ཅེས་གསུངས་ཡོད་ཅིང་ དེ་དང་འབྲེལ་བའི་ཐོག་ནས་ཡང་སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་ལ་ ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པ་དང་ བོད་ནང་གི་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཚུན་ཆད་ཀྱང་ལོངས་སུ་སྤྱོད་དབང་མེད་པ་བཅས་ཀྱི་གནས་སྟངས་ཧ་ཅང་ཐ་ཞན་པོ་ཡོད་པ་འགྲེལ་བརྗོད་གནང་སྟེ་ དེའི་ཐད་ཐུགས་སྣང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་ཚགས་དེའི་ནང་བྲིས་བཀོད་གནང་ཡོད་པའི་སྐོར།

XS
SM
MD
LG