ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རེབ་གོང་གི་སྡེ་བ་གཉིས་འཁྲུག་འཛིང་ཤོར་ཏེ་མི་གཅིག་བསད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་མདོ་སྨད་རེབ་གོང་གི་སྡེ་བ་གཉིས་ལ་འཁྲུག་འཛིང་ཤོར་ཏེ་བོད་མི་གཅིག་བསད་ནས་གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད། སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྟེང་ཐོན་པའི་བརྙན་པར་དང་གནས་ཚུལ་མང་པོ་ལྟར་ན། དེ་རིང་གཟའ་ཟླ་བའི་ཉིན་ཏེ་ཕྱི་ཟླ་གསུམ་པའི་ཚེས་༢༠་ཉིན་གྱི་ཞོགས་པར་རེབ་གོང་གི་དཔྱི་ས་རོང་དང་མདོ་བ་རོང་གཉིས་ཀྱི་བར་དུ་འཁྲུག་རྩོད་ཤོར་ཡོད་པ་དང་། དཔྱི་ས་རོང་གི་ལོ་ན་༤༥་ཡས་མས་ཡིན་པའི་ཁྱོ་ག་ཞིག་ལ་གྲི་བསྣུན་ནས་ཚེ་སྲོག་ཤོར་འདུག དེ་ཡང་རེབ་གོང་ཆུ་ཁོལ་ཡོད་སའི་ལུང་པའི་མདོ་ཡི་གཞུང་ལམ་གྱི་འཁྲིས་སུ་དཔྱི་སའི་ནང་མི་ཞིག་གིས་རླངས་འཁོར་བཀྲུ་ས་ཞིག་རྒྱག་རྩིས་བྱས་པ་དེ་ལ་བརྟེན་ནས་འཁྲུག་འཛིང་བྱུང་བ་དང་། སྡེ་བའམ་གྲོང་ཚོ་གཉིས་ཀྱི་མི་མང་པོ་གནས་དེར་འདུ་འཛོམས་བྱུང་སྟེ་འཁྲུག་འཛིང་ཤོར་བར་བཤད་ཡོད། བརྙན་པར་ནང་མཐོང་བ་ལྟར་ན་ཕྱོགས་གཉིས་ཀྱིས་ལུང་པའི་ནང་རྡོ་འཐབ་བྱེད་པ་དང་། སྐྱེས་ཕོ་མོ་མང་པོ་ཞིག་མཉམ་དུ་འཛོམས་ཡོད་ལ། ཁ་ཤས་ཀྱིས་རྒྱལ་ཁབ་ཚང་བར་འདུམ་དུ་མི་ཡོང་བར་ཤི་སོང་བ་ཡིན་ནམ་ཞེས་ཀྱང་བརྗོད་ཀི་ཡོད། དེ་བཞིན་དུ་ཁ་ཤས་ཀྱིས་ད་ང་ཚོ་བོད་པ་ཟེར་བ་འདི་འདྲ་རེད། ནང་དམེ་བྱེད་རྒྱུ་མཚམས་འཇོག་གིན་མི་འདུག་ཅེས་བཤད་ཡོད། ཆུ་ཁོལ་ལམ་ཆུ་ཚན་དེ་ནི་བོད་མདོ་སྨད་རེབ་གོང་གི་རེབ་གོང་རྫོང་ངམ་ཐུན་རིན་རྫོང་ཟེར་བའི་ཆུ་ཁོག་ཡུལ་ཚོའི་ནང་ཡོད་པ་དང་། ཆུ་ཁོག་ཡུལ་ཚོ་ནི་རོང་བོ་དགོན་ཆེན་ནམ་རེབ་གོང་རྫོང་དང་རྨ་ལྷོ་ཁུལ་གྱི་ཁུལ་གཞུང་ཆགས་སའི་རོང་བོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་བཅུ་བཞིའི་གནས་སུ་ཡོད། ཆུ་ཁོག་ཡུལ་ཚོའི་ནང་མདོ་བ་དང་དཔྱི་ས། བསེ་ལུང་བ་གསུམ་སྟེ་གྱང་སྐྱ་ལྕང་ལུང་ཀོའུ་སྡེ། མགར་རྩེ། དམག་སེར། སོ་ནག་སྡེ་བ་སོགས་ཡོད། ཕྱི་ལོ་༢༠༡༣་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དད་དམ་འགྱུར་མེད་གཞིས་ལུས་རྒྱ་ཆེའི་མི་མང་ཐུན་མོང་ལ་ཆེད་དམིགས་གསུང་འཕྲིན་ཞིག་བསྩལ་པའི་ནང་། བོད་ནང་ཡུལ་ལུང་ཤོག་སྒྲིལ་གྱི་ཛ་དྲག་ཉེན་ཁའི་གནས་ཚུལ་ཡོད་གནས་ཐོས་པར་བློ་ཕམ་བྱུང་། འཚེ་བའི་ལས་ནི་མཆོག་གསུམ་སྐྱབས་སུ་བཟུང་ཞིང་། འདི་ཕྱིའི་ལས་འབྲས་ཁས་ལེན་མཁན་ནང་པ་སངས་རྒྱས་པའི་ལྟ་སྤྱོད་དང་ཡོངས་སུ་འགལ་བ་དང་། ཡང་སྒོས་ངོས་ནས་བོད་གངས་ཅན་གྱི་ལྗོངས་འདི་འཚེ་མེད་ཞི་བའི་མི་སྡེའི་སྤྱི་ཚོགས་ཤིག་བསྐྲུན་ཆེད་འབད་བརྩོན་བྱེད་མུས་སུ་ཡོད་པ་འདི་དང་མི་མཐུན་པ་ཤེས་གསལ་ཡིན། དེས་ན་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་གཞིའི་ཐབས་སྡུག་གི་བྱ་བ་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ཤ་ཚ་བཟོད་མེད་ཀྱི་རེ་སྐུལ་བྱེད་བཞིན་ཡོད་ཅེས་བཀོད་ཡོད། དྲ་ལམ་ཁག་ཏུ་བསམ་ཚུལ་གྱི་གནས་ཚུལ་མང་པོ་ཐོན་པའི་ནང་། ཕྱི་ཟླ་གསུམ་པ་ནི་བོད་ཀྱི་ས་ཁུལ་ཡོངས་སུ་སྤྱི་ཚོགས་བདེ་འཇགས་ཐད་དམ་དྲག་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་ཡིན་པ་དང་། སྤྱི་ཚོགས་བདེ་འཇགས་ཟེར་བར་གནོད་པའི་ས་བོན་ཙམ་ཀྱང་མགོ་མ་འབུས་གོང་ནས་རྩ་འཇོམས་བྱེད་པ་རྩ་དོན་དུ་བཟུང་བའི་དུས་ཤིག་ཡིན་པས། སྡེ་བ་གཉིས་ཀྱི་འཁྲུག་འཛིང་འདི་ཇི་ལྟར་བྱུང་བཅུག་པ་རེད་ཅེས་དོགས་འདྲི་བྱེད་མཁན་ཀྱང་བྱུང་ཡོད། དེ་བཞིན་དུ་ཁ་ཤས་ཀྱིས་རེབ་གོང་གི་དོན་རྐྱེན་དེ་བྱུང་འཕྲལ་རྒྱ་ནག་གི་ཉེན་རྟོག་པ་མང་པོ་འཛུམ་མེར་མེར་སླེབས་བྱུང་བ་དང་། ནང་འཁྲུག་པ་མང་པོ་འབྲོ་སའི་ཁུང་མ་རྙེད་པར་གྱུར་འདུག་ཅེས་བཀོད་དེ། ད་ནི་བོད་མི་མང་པོ་འཛིན་བཟུང་དང་། ཁག་ཅིག་ནི་མནར་གཅོད་གཏོང་ཡུལ་དུ་འགྱུར་རྒྱུ་ཡིན་པ་ཁོ་ཐག་ཡིན་པའི་བསམ་ཚུལ་ཀྱང་སྤེལ་ཡོད།།

XS
SM
MD
LG