ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རི་དང་ཨུ་རུ་སུའི་འབྲེལ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གསར་འགོད་ལྷན་ཚོགས་སྐོང་སྟེ། ཨུ་རུ་སུའི་གསང་བའི་ལས་ཁང་གིས་ལོ་འདིའི་ཕྱི་ཟླ་༡༡་ཚེས་༨་ཉིན་གྱི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་སོང་། དེར་བརྟེན་ཨ་མི་རི་ཀར་བཅའ་སྡོད་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་༣༥་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་དུས་ཡུན་ཆུ་ཚོད་༧༢་ཀྱི་ནང་ཚུད་དུ་རང་ཡུལ་ལ་ཕྱིར་ལོག་བྱ་དགོས། ཨ་རིའི་ས་ཐོག་ཏུ་ཨུ་རུ་སུའི་གཞུང་ལ་ཁང་པ་གཉིས་ཡོད་པའང་སྒོ་བརྒྱབ་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། དེ་རིང་གཟའ་པ་སངས་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་གསར་འགོད་ལྷན་ཚོགས་སྐོང་སྟེ། ང་ཚོས་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཕྱིར་ཕུད་བཏང་ནས་ཡ་ལན་སློག་རྒྱུ་མིན། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོ་གུང་སེང་ལ་འགྲོ་ཡུལ་སྤྲོ་གསེང་ས་ཁུལ་ཞིག་ཡོད་པ་དང་། ཨ་རིའི་གཞུང་ཚབ་ཁང་གི་དོ་པོ་འཇོག་ས་ཞིག་ཡོད་པའང་སྒོ་བརྒྱབ་ནས་དཀའ་ངལ་སྤྲོད་རྒྱུ་མིན། སྲིད་འཛིན་ཨོ་བྷ་མའི་ཐོག་གཅོད་དེ་ཨ་མི་རི་ཀ་དང་ཨུ་རུ་སུའི་འབྲེལ་བ་སྡུག་ཏུ་གཏོང་རྒྱུའི་ཐབས་ཇུས་ཤིག་ཡིན་པ་དང་། སྲིད་འཛིན་ཨོ་བྷ་མས་རང་གི་སྲིད་འཛིན་གྱི་ལས་དུས་གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་མཇུག་བསྒྲིལ་པ་བློ་ཕམ་གྱི་གནས་ཚུལ་ཡིན། གལ་སྲིད་ཨ་མི་རི་ཀའི་སྲིད་གཞུང་གསར་པས་ཀྱང་ཨུ་རུ་སུ་ལ་མུ་མཐུད་དུ་སྡང་ཟུག་གི་སྲིད་ཇུས་ལག་ལེན་བསྟར་ཚེ། ང་ཚོས་ཨ་མི་རི་ཀར་ཡ་ལན་ཚུལ་བཞིན་སློག་ཆོག་པའི་ཐོབ་ཐང་ཆ་ཚང་ཉར་འཛིན་བྱ་རྒྱུ་ཡིན་ཞེས་བཤད་འདུག ཐོག་མར་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་༣༥་ཕྱིར་ཕུད་གཏོང་རྒྱུ་དང་། མོ་སི་ཀོའི་ནུབ་ཕྱོགས་སུ་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོ་གུང་སེང་ལ་འགྲོ་ས་ཞིག་ཡོད་པ་སྒོ་རྒྱག་རྒྱུ། མོ་སི་ཁོའི་བྱང་ཕྱོགས་སུ་ཨ་མི་རི་ཀའི་གཞུང་ཚབ་ཁང་ལ་དོ་པོ་འཇོག་སའི་ཁང་པ་ཞིག་ཡོད་པའང་བེད་སྤྱོད་བྱེད་དུ་འཇུག་རྒྱུ་མིན། ཨ་མི་རི་ཀས་ཨུ་རུ་སུ་ལ་ཅི་ཞིག་བྱས་པར་ལན་པ་ཚུལ་བཞིན་སློག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

XS
SM
MD
LG