ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་དོན་རྒྱབ་སྐྱོར་གནང་བ་དེ་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་རེད་ཅེས་གསུངས།


རེས་གཟའ་ལྷག་པའི་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརག་ནང་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལྔ་བཅུ་ལྷག་ཙམ་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཏེ། རྒྱལ་སྤྱིའི་གནས་ཚུལ་དང་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་འདུག ད་རྗེས་གླེང་སྟེགས་ཉིས་སྟོང་ཞེས་པས་གོ་སྒྲིག་འོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིར་བཀའ་སློབ་གནང་འདུག་པ་དང་། དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ་ཇི་རི་ རུས་ནོག་བཅར་འདུག་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་འཚམས་འདྲིའི་མཇལ་དར་གནང་བ་དང་ཆབས་ཅིག་གསུངས་དོན་ལ་ ཁྱེད་ཚོས་བོད་ཀྱི་གནད་དོན་ཐོག་ལངས་ཕྱོགས་བརྟན་པོ་བཟུང་ཡོད། བོད་ཀྱི་གནད་དོན་དེ་རྒྱུན་དུ་འགྲེལ་བཤད་གནང་སྐབས་བོད་དོན་ནི་དྲང་བདེན་གྱི་འཐབ་རྩོད་གཅིག་རེད་ཅེས་གསུངས་ཀྱི་ཡོད་པ་དང་། དེ་འདྲིའི་འཐབ་རྩོད་གཅིག་ལ་ཁྱེད་རྣམས་ཀྱིས་རྒྱབ་སྐྱོར་གནང་བ་དེར་ངོས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། དེ་ཡང་བོད་མི་ས་ཡ་དྲུག་ཙམ་མིན་པར་གོ་ལ་འདིའི་ནང་འཚེ་བ་མེད་པའི་ལྟ་གྲུབ་ལ་དགའ་ཞེན་བྱེད་མཁན་མི་མང་ཚང་མའི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞེས་བརྗོད་འདོད་བྱུང་ཞེས་གསུངས་འདུག

XS
SM
MD
LG