ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་བྷ་མ་དང་ཨང་སན་སུ་ཅི་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འབར་མའི་རྩ་ཁྲིམས་ཀྱི་ཆ་རྐྱེན་ལྟར་ཨང་སན་སུ་ཅིས་རྒྱལ་ཁབ་དེའི་སྲིད་འཛིན་གྱི་མཚན་གནས་བཞེས་ཆོག་གི་མེད་ཀྱང་ཁ་སྔོན་ཕྱི་ཟླ་བཞི་པ་ནས་འབར་མའི་དམངས་གཙོ་མནའ་འབྲེལ་ཚོགས་པས་སྲིད་དབང་བཟུང་ནས་བཟུང་། ཨན་སང་སུ་ཅིས་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོར་ཐུག་འཕྲད་དང་རྒྱལ་ཁབ་གཞན་ལ་འཚམས་འདྲིར་ཕེབས་པ། ཁོང་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་རིམ་པའི་རྒྱལ་སྤྱིའི་ཚོགས་ཆེན་ཁག་ལའང་མཉམ་ཞུགས་བྱས་ཏེ། དེ་རིང་ཕྱི་ཟླ་༩་ཚེས་༡༤་ཉིན་ཨང་སན་སུ་ཅི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོར་ཨང་སན་སུ་ཅིར་ཐུག་འཕྲད་གྲོས་མོལ་བྱས་འདུག ༡༩༩༢་ལོར་འབར་མའི་སྤྱི་ཡོངས་འོས་འདེམས་སྐབས་སུ་ཨང་སན་སུ་ཅིས་འགོ་ཁྲིད་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་རུང་། སྐབས་དེར་འབར་མའི་དམག་གི་འགོ་ཁྲིད་ཚོས་འོས་འདེམས་ཀྱི་གྲུབ་འབྲས་ལ་བརྩི་མེད་བཏང་ནས་ཨང་སན་སུ་ཅི་ལོ་༢༠་ལྷག་ལ་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་པ་དང་། ལོ་ཤས་གོང་དུ་འབར་མའི་དམག་གི་འགོ་ཁྲིད་ཚོས་ཆབ་སྲིད་སྒྱུར་བཅོས་བཏང་ནས་ཨང་སན་སུ་ཅི་བཟང་བཙོན་འོག་ནས་གློད་གྲོལ་བཏང་བ་མ་ཟད། སྔ་ལོ་འབར་མའི་སྤྱི་ཡོངས་འོས་འདེམས་སྐབས་སུ་ཨང་སན་སུ་ཅིའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་སྟེ། ཁོང་འབར་མའི་སྲིད་འཛིན་ལ་འདེམས་ཐོན་ཐུབ་རྒྱུ་ཉག་ཅིག་ཡིན་མོད། ཡིན་ནའང་འབར་མའི་དམག་གི་འགོ་ཁྲིད་ཚོས་གཏན་འབེབས་བྱས་པའི་རྩ་ཁྲིམས་སུ་སྲིད་འཛིན་གྱི་འོས་མི་དེའི་བཟའ་ཟླ་བུ་ཕྲུག་ཕྱི་གླིང་པ་ཡིན་མི་ཆོག་ཅེས་ཆ་རྐྱེན་ཞིག་བཀོད་ཡོད་པ་དང་། ཨང་སན་སུ་ཅིའི་ཁྱོ་ག་འདས་པོ་དབྱིན་ཇི་བ་ཞིག་ཡིན་ཞིང་། ཁོང་གི་བུ་གཉིས་ཀྱང་དབྱིན་ཇིའི་མི་ཁོངས་ཡིན་པས་ཨང་སན་སུ་ཅི་འབར་མའི་སྲིད་འཛིན་ལ་འདེམས་བསྐོ་བྱ་ཐུབ་མེད་པ་རེད།།

XS
SM
MD
LG