ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དམར་ཤོག་གི་གུན་གཞོན་ཚོགས་པས་ཏང་གི་རྩ་འཛིན་ལ་རྒྱབ་སྐྱོར་དང་ཏང་གི་འགོ་ཁྲིད་ལ་གཞུང་དྲང་བློ་དཀར། རྒྱ་ནག་དམར་ཤོག་ཚོགས་པའི་ལམ་སྟོན་འོག་ཏུ་ཤར་སྐྱོད་བྱ་རྒྱུ་ཡིན་ཞེས་དམ་བཅའ་འཇོག་སྲོལ་ཡོད་མོད། འོན་ཀྱང་གཟའ་འཁོར་འདིར་རྒྱ་ནག་གི་གུང་གཞོན་ཚོགས་པས་སྲིད་འཛིན་ཞིས་ཅིན་ཕིང་གི་འགོ་ཁྲིད་དང་ལམ་སྟོན་ལ་གཞུང་དྲང་བློ་དཀར་ཡིན་ཞེས་དམ་བཅའ་བཞག་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གི་སྲིད་དབང་འཐབ་རྩོད་ཀྱི་དཀྱིལ་འཁོར་ནང་དུ་ཞིས་ཅིན་ཕིང་ལ་སླར་ཡང་ཆབ་སྲིད་འཐབ་རྩོད་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པའི་རྟགས་མཚན་མངོན་ཡོད་ཅིང་། ཐོག་མར་༡༩༢༠་ལོར་བཙུགས་པའི་རྒྱ་ནག་གི་གུང་གཞོན་ཚོགས་པ་དམར་ཤོག་ཚོགས་པར་ཞུགས་པའི་སྒོ་ཐེམ་དང་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་རྣམས་སྐྱེད་སྲིང་བྱ་ཡུལ། ལྷག་པར་དུ་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་དང་ད་ལྟའི་སྲིད་བློན་ལས་ཐོག་ལི་ཁེ་ཆང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན་རུང་། ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་གུང་གཞོན་ཚོགས་པར་བཅོས་སྒྱུར་ཆེན་པོ་ཞིག་བཏང་སྟེ་གུང་གཞོན་ཚོགས་པའི་ནང་ཁུལ་དུ་ཅིན་ཕིང་ལ་ཁ་གཏད་པ་ཡོད་པ་རྣམས་རྩ་མེད་བཏང་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཧོང་ཀོང་ན་ཡོད་པའི་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་ལིན་ཧེ་ལིས་བཤད་པ་ལྟར་ན། ད་ལྟ་ཕྱི་ལ་བཀྲམ་པའི་བརྙན་འཕྲིན་དེས་རྒྱ་ནག་གི་གུང་གཞོན་ཚོགས་པར་སྔར་བཞིན་ཞིས་ཅིན་ཕིང་ལ་ཁ་གཏད་གཅོག་པའི་ནུས་པ་མེད་པ་མཚོན་ཐུབ། ན་ནིང་ལོ་མཇུག་ནས་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་གུང་གཞོན་ཚོགས་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད། ད་ལོའི་མགོ་སྟོད་དེར་རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་གུང་གཞོན་ཚོགས་པ་དཔོན་ཉམས་དབང་འཛིན་རིང་ལུགས་དང་གཞུང་འཛིན་ཐེ་གཏོགས་རིང་ལུགས། སྐུ་དྲག་གི་རིང་ལུགས་དང་བག་མེད་རྒྱས་སྤྲོས་རིང་ལུགས་སུ་གྱུར་འདུག་ཅེས་ནོར་འཁྲུལ་ཆེན་པོ་བཞི་ཐེར་འདོན་བྱས་ཏེ། གོང་གི་ཉེས་སྐྱོན་བཞིས་ཞིས་ཅིན་ཕིང་ལ་རྒྱ་ནག་གི་གུང་གཞོན་ཚོགས་པར་ལེགས་བཅོས་གཏོང་བའི་གོ་སྐབས་ཤིག་དང་། གུང་གཞོན་ཚོགས་པའི་འགྲོ་གྲོན་བརྒྱ་ཆ་༥༠་ཙམ་ཉུང་འཕྲི་གཏོང་ཆོག་པའི་ལག་པ་འཆང་ས་ཞིག་རྙེད་ཡོད། ཞིས་ཅིན་ཕིང་གིས་གུང་གཞོན་ཚོགས་པ་རྒྱ་ཆེའི་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཆེན་པོ་ཡོད། ད་ལྟ་རྒྱ་ནག་གི་ན་གཞོན་ཚོ་དང་གུང་གཞོན་ཚོགས་པའི་ཚོགས་མི་ཚོས་རྒྱ་ཆེའི་མང་ཚོགས་ལ་སྲི་ཞུ་སྒྲུབ་ཀྱི་མེད་པ་དང་། ཁོ་ཚོས་གསོལ་སྟོན་བཤམས་པ་དང་རྒྱལ་ཡོངས་ལ་སྤྲོ་འཆམ་དུ་སོང་ནས་འགྲོ་གྲོན་ཕངས་མེད་གཏོང་གི་འདུག་ཅེས་བཤད་ཡོད་པས། ཞིན་ཅིན་ཕིང་གིས་རྒྱ་ནག་གི་གུང་གཞོན་ཚོགས་པར་དག་ཐེར་བྱེད་ཀྱི་ཡོད་པ་ཡ་མཚན་དགོས་དོན་མེད་ཅེས་བཤད་འདུག

XS
SM
MD
LG