ཉེ་ལམ་ཕྱི་ཟླ་༧པའི་ཚེས་༡༤ཉིན་གྱི་ཕྱི་དྲོ་ ཕྷི་རན་སིའི་མཚོ་ཁའི་གྲོང་ཁྱེར་ནིསེ་ནང་ མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་བྷེས་ཏྲི་ལཱ་ ཌེའ་ཞེས་པའི་རྒྱལ་ཡོངས་དུས་ཆེན་ལ་སྲུང་བརྩི་ཞུ་བཞིན་པའི་སྐབས་ གློ་བུར་དུ་མི་གཅིག་གིས་དོལ་སྐྱེལ་རླང་འཁོར་ཆེན་པོ་ཞིག་མི་ཚོགས་ཀྱི་ཁྲོད་དུ་བཏང་སྟེ་ ཕྲུ་གུ་ཚུད་པའི་ཁྱོན་མི་གྲངས་༨༠ལྷག་བསད་པ་དང་ ༣༠༠ལྷག་ལ་རྨས་སྐྱོན་བྱུང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བརྟེན་ ཕྱི་ཟླ་༧པའི་ཚེས་༡༨ཉིན་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཕྷི་རན་སིའི་སྲིད་འཛིན་ཕྷི་རཱན་ཀོ་ ཨཽ་ལེནྜ་ཀྱི་མཚན་ཐོག་ཏུ་ ཡུལ་དེའི་གཞུང་དམངས་གཉིས་ཀར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ་ མི་ཕོན་ཆེ་དེ་ལྟ་བུའི་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་དེ་འདྲ་ཞིག་བྱུང་བར་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་ཞེས་བཀའ་གནང་ཡོད་ཅིང་ གསུང་འཕྲིན་དེའི་ནང་མུ་མཐུད་དེ་ ངོས་ཀྱིས་སྐུ་ཉིད་དང་ ཕྷི་རན་སིའི་མང་ཚོགས་སྤྱི་དང་ ལྷག་པར་དུ་ དོན་རྐྱེན་དེའི་ནང་ཚེ་སྲོག་ཤོར་བ་རྣམས་ཀྱི་ནང་མི་གཉེན་ཉེ་དང་ ཕྲུ་གུ་བཅས་ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེས་དང་སྦྲགས་ སེམས་གསོ་ཞུ་རྒྱུ་ཡིན་ དེ་བཞིན་ རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་ཡོད་འདུག