གཟའ་ལྷག་པའི་ཉིན་དབྱིན་སྲིད་བློན་ཌི་ཝྭི་ཌི་ཁེམ་རོན་རང་གི་ལས་གནས་ནས་གནང་བ་ཞུས་པ་དང་། ཊེ་རི་ས་མཱེས་དབྱིན་ཇིའི་སྲིད་བློན་གསར་པའི་ལས་ཁུར་བཞེས་ཏེ། ཁོང་གིས་དབྱིན་ཇིའི་བློན་ཆེན་གསར་པ་རྣམས་བསྐོ་བཞག་བྱས་པ་དང་། དབྱིན་ཇིའི་བློན་ཆེན་གསར་པའི་གྲས་སུ་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་ཞེས་ལས་འགུལ་སྤེལ་མཁན་གཙོ་གྲས་ཁག་ཅིག་ཡོད་པ་སྟེ། རྒྱལ་ས་ལོན་ཌོན་གྱི་སྤྱི་ཁྱབ་ཟུར་པ་བྷོ་རི་སི་ཇཱོན་སན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱས་འདུག ཁོང་ལ་སྲིད་དོན་པ་ཞིག་གི་ཁྱད་ཆོས་ཡོངས་སུ་ཚང་རུང་ཕྱི་སྲིད་དྲུང་ཆེའི་ཁྱད་ཆོས་གཏན་ནས་མེད་པ་དང་། བྷོ་རི་སི་ཇཱོན་སན་གྱིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་ཐབས་སུ་རྒྱལ་ཁབ་མང་པོར་འཕོག་ཐུག་བཏང་ཡོད། དཔེར་ན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་མ་བྱས་ན་དགེ་མཚན་ཆེ་ཞེས་འབོད་སྐུལ་ཞུས་ཀྱང་། བྷོ་སི་རི་ཇཱོན་སན་གྱིས་སྲིད་འཛིན་ཨོ་བྷ་མའི་ཨ་ཕ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁེ་ཎི་ཡ་ནས་ཡིན་པ་དང་། ཁེ་ཎི་ཡ་སྔོན་ཆད་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་ཡོད། དེར་བརྟེན་སྲིད་འཛིན་ཨོ་བྷ་མ་སེམས་པའི་གཏིང་ན་དབྱིན་ཇིར་མི་དགའ་བའི་སྡང་ཟུག་ཡོད་ཅེས་གཏམ་བཤད་བྱས་ཡོད་པ་དང་། དེ་རིང་གཟའ་ཕུར་བུའི་ཉིན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་གསར་པ་བྷོ་རི་སི་ཇཱོན་སན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོ་པ་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་བསྐོ་བཞག་བྱས་པར་དགའ་ཚོར་ཆེན་པོ་བྱུང་། ངས་དབྱིན་ཇིའི་སྲིད་གཞུང་གསར་པའི་ཁོངས་སུ་ཧུར་ཐག་འབད་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། གསར་འགོད་པས་ཁོང་ལ་ཁྱོད་ཀྱིས་རྒྱལ་ཁབ་དང་འགོ་ཁྲིད་གཞན་ཚོར་བཟོད་གསོལ་ཞུ་དགོས་ས་ཡོད་དམ་ཞེས་དྲིས་པས། བྷོ་རི་སི་ཇཱོན་སན་གྱིས་ངས་བཟོད་གསོལ་ཞུ་དགོས་ས་མང་པོ་ཞིག་བང་རིམ་བསྒྲིགས་ཡོད་པ་དེའི་མགོ་དེར་ཨ་མི་རི་ཀར་ཡོད་ཅེས་ལན་འདེབས་བྱས་པ་དང་། དབྱིན་ཇིའི་རྒྱལ་དོན་དྲུང་ཆེའི་གོ་གནས་དེར་རྙིང་ཞེན་ཚོགས་པའི་འཐུས་མི་ཌེ་ཝྭི་སི་བསྐོ་བཞག་བྱས་ཡོད་པས། ཁོང་གི་ལས་འགན་གཙོ་བོ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་དང་། མ་འོངས་པར་དབྱི་ཇི་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱི་འབྲེལ་བ་འཛིན་ཕྱོགས་བཅས་ལ་གྲོས་མོལ་བྱ་དགོས་པ་རེད།།