ངོ་འཕྲད་བདེ་བའི་དྲ་འབྲེལ།

ཏཱ་ལའི་བླ་མ་ཆེས་མཐོའི་སློབ་གཉེར་ཁང་དུ་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས།


ཏཱ་ལའི་བླ་མ་ཆེས་མཐོའི་སློབ་གཉེར་ཁང་དུ་བསླབ་པ་མཐར་ཕྱིན་གྱི་མཛད་སྒོ་འཚོགས་པ་དང་། དེ་ནི་ཕྱི་ལོ་༢༠༡༣་ཟླ་བཞི་བའི་ཚེས་༢༠་ཉིན་རྒྱ་གར་གྱི་Maysor གཙུག་ལག་སློབ་གྲྭ་ཆེན་མོས་ངོས་འཛིན་བྱས་པའི་རྗེས་སུ་འཚོགས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐོག་མ་དེ་ཆགས་ཡོད། ཐེངས་འདིའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྟེང་། བོད་རིགས་སློབ་ཕྲུག་༧༧་ལ་བསླབ་པ་མཐར་སོན་གྱི་ལག་ཁྱེར་ཡི་གེ་སྤྲད་པ་དང་། ཁོ་ཚོ་ནི་སྡེ་ཁག་ལྔ་ཡི་ནང་ནས་གཙུག་ལག་མཐོ་སློབ་ཀྱི་སློབ་མཐར་ཕྱིན་པ་རེད། མི་༨་ལ་རྒྱ་ཡིག་དང་རྒྱ་སྐད་རྩོམ་རིག་རབ་འབྱམས་ལག་ཁྱེར་དང་། ༩་ལ་བོད་ཡིག་དང་བོད་ཀྱི་རྩོམ་རིག་རབ་འབྱམས་ལག་ཁྱེར། ༢༣་ལ་གཙུག་ལག་མཐོ་སློབ་ཀྱི་སྒྱུ་རྩལ་རབ་འབྱམས་པའི་ལག་ཁྱེར། ༢༩་ལ་གཙུག་ལག་མཐོ་སློབ་ཀྱི་ཚོང་རིག་རབ་འབྱམས་པའི་ལག་ཁྱེར། ༨་ལ་གཙུག་ལག་མཐོ་སློབ་ཀྱི་རྩིས་འཁོར་རབ་འབྱམས་པའི་ལག་ཁྱེར་བཅས་རེག་ཡོད། ཕྱི་ཟླ་དྲུག་པའི་ཚེས་༢༩་ཉིན་འཚོགས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྟེང་དུ་Maysor གཙུག་ལག་མཐོ་སློབ་ཀྱི་དཔོན་རིགས་དང་། བོད་ཕྲུག་ཁྱིམ་སྡེའི་འགན་འཛིན། བོད་ཀྱི་ཚོགས་སྡེ་ཁག་གི་མི་སྣ་དང་། གྲོང་ཁྱེར་Bangalore ནང་རྟེན་གཞི་བྱས་ཡོད་པའི་མཐོ་སློབ་དང་ཉམས་ཞིབ་ཁང་གི་མི་སྣ་སོགས་མཉམ་ཞུགས་བྱས་ཡོད། ཏཱ་ལའི་བླ་མ་ཆེས་མཐོའི་སློབ་གཉེར་ཁང་ནི་ཕྱི་ལོ་༢༠༠༨་ཟླ་བདུན་པའི་ཚེས་༣༠་ཉིན་ཚུགས་ཏེ། ༢༠༠༩་ལོའི་ཟླ་གཉིས་པའི་ཚེས་༡༦་ཉིན་༧གོང་ས་མཆོག་གིས་དབུ་འབྱེད་གནང་བ་དང་། མཐོ་སློབ་འདི་ནི་བོད་ཕྲུག་ཁྱིམ་སྡེའི་ཆ་ཤས་ཤིག་ཡིན་པ་རེད།།

XS
SM
MD
LG