གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དཀྱིལ་ཤར་ས་ཁུལ་ལ་ཕེབས་ཏེ། ཁོང་སོ་ཌི་ཨ་རེ་བི་ཡར་ཚོགས་པའི་མཚོ་ཁུག་རྒྱལ་ཁབ་དྲུག་གི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཚོགས་ཆེན་ལ་ཞུགས་པ་དང་། ཁོང་ཚོས་དེང་སྐབས་སི་རི་ཡ་དང་ཡེ་མེན། ཨི་རཀ་དང་ལི་བྷི་ཡ་སོགས་ལ་ནང་འཁྲུག་ལངས་ནས་དཀྱིལ་ཤར་ས་ཁུལ་ལ་ཆབ་སྲིད་ཀྱི་ཟིང་ཆ་ཆེན་པོ་ཞིག་ལངས་ཡོད་པ་ཞི་འཇམ་གཏོང་ཐབས་ལ་གྲོས་བསྡུར་བྱས་ཡོད་ཅིང་། ཨ་རིའི་གཞུང་གིས་ཡེ་མེན་དང་སི་རི་ཡར་ཆོས་ལུགས་དང་མི་རིགས་ཀྱི་འཐེན་འཁྱེར་གྱི་ནང་འཁྲུག་བསླང་ན་དགེ་མཚན་མེད། རྒྱལ་ཁབ་དེ་དག་གི་ནང་འཁྲུག་དེ་རྣམས་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་དགོས་པ་དང་། ད་ལྟ་སི་རི་ཡར་རྩ་བ་བརྟན་པོ་ཞིག་ཚུགས་ཐུབ་མེད་པའི་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ཞིག་བཞག་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུ། མཚོ་ཁུག་རྒྱལ་ཁབ་དྲུག་གིས་དཀྱིལ་ཤར་ས་ཁུལ་ལ་ཞི་བདེ་བསྐྲུན་པར་ནུས་ཤུགས་ཆེ་ཙམ་འདོན་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་ཀྱང་། སོ་ཌི་ཨ་རེ་བི་ཡ་ལྟ་བུའི་རྒྱལ་ཁབ་ཁག་ཅིག་གིས་མི་རིགས་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་ཟིང་འཁྲུག་དེ་དག་རང་རང་གི་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁོ་ཚོས་རང་ཕྱོགས་ཀྱི་མི་རིགས་དང་ཆོས་ལུགས་གྲུབ་མཐའ་ཁག་ལ་རྒྱལ་ཁ་འཐོབ་རྒྱུ་གཙིགས་བཟུང་ཡོད་པ་རེད། །