ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

དོལ་རྒྱལ་ཚོགས་པས་༧གོང་ས་མཆོག་ལ་ངོ་རྒོལ་བྱ་རྒྱུ་མཚམས་འཇོག་བྱས་པའི་གསལ་བསྒྲགས།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་གནང་བའི་སྐབས་ ངོ་རྒོལ་གྱི་སྐད་འབོད་ལས་འགུལ་སྤེལ་ཏེ་བསུན་རྩེར་ཆེན་པོ་བཟོ་མཁན་དོལ་རྒྱལ་ཚོགས་པས་ ད་ཆ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་དེ་རིགས་སྤེལ་མཚམས་བཞག་པ་མ་ཟད་ ཚོགས་པ་དེ་རང་ཕྱིར་བསྡུ་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག་ དེ་ཡང་ ཕྱི་ཟླ་གསུམ་པའི་ཚེས་༡༡ཉིན་ Reutersགསར་སྤེལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ སྔ་ལོའི་ཕྱི་ཟླ་༡༢པར་ གསར་སྤེལ་ཁང་དེས་ དོལ་རྒྱལ་ཚོགས་པར་ཞིབ་འཇུག་གཏིང་གཟབ་བྱས་པའི་གནས་ཚུལ་ཞིབ་ཕྲ་ཞིག་བཏོན་ཡོད་པ་དེའི་ནང་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་རྒྱལ་ཁབ་གང་དུ་ཆིབས་བསྒྱུར་གནང་བ་ཡིན་རུང་ དེར་ངོ་རྒོལ་བྱེད་པར་ཡོང་མཁན་དོལ་རྒྱལ་ལམ་ ཤུགས་ལྡན་ཚོགས་པ་ནི་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་མཐོང་ལ་གནོད་སྐྱོན་གཏོང་རྒྱུར་དམིགས་པའི་རྒྱ་ནག་གཞུང་གི་ལས་འགུལ་གྱི་ནང་ ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ་ ངོ་རྒོལ་གྱི་ལས་འགུལ་དེ་དག་སྐུལ་བྱུས་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པ་ཡིན་པའི་དཔང་རྟགས་ངེས་ཅན་ཡོད་པ་ཐེར་འདོན་བྱས་པའི་རྗེས་སུ་ ཤུགས་ལྡན་ཚོགས་པས་ཐག་གཅོད་དེ་ཚོ་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག་ Reutersཀྱི་གནས་ཚུལ་དེའི་ནང་མུ་མཐུད་བརྗོད་དོན་ལྟར་ན་ དེ་ལྟར་ཤུགས་ལྡན་ཚོགས་པའི་རྒྱབ་ལ་རྒྱ་ནག་གཞུང་ཡོད་པ་ཐེར་འདོན་བྱས་པའི་རྗེས་སུ་ རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་འམ་དབྱིན་ཡིག་ལ་International Shugden Communityཟེར་བ་དེའི་འགན་འཛིན་ཚོས་ དེ་ནས་བཟུང་དེ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཏཱ་ལེའི་བླ་མ་མཆོག་ལ་ ངོ་རྒོལ་བྱེད་པའི་ལས་འགུལ་དེ་རིགས་གོ་སྒྲིག་བྱ་རྒྱུ་མཚམས་འཇོག་གཙང་མ་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ ཚོགས་པ་དེའི་དྲ་རྒྱའི་ཐོག་གསལ་བསྒྲགས་སྤེལ་བ་མ་ཟད་ ད་དུང་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ནས་བཟུང་ རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་དང་ ཚོགས་པ་དེའི་དྲ་རྒྱ་བཅས་ཚང་མ་ ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་ལས་ ཐག་གཅོད་དེ་ཚོ་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།

XS
SM
MD
LG