ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྲག་མགོའི་ནང་༧གོང་ས་མཆོག་གི་སྐུ་དཔར་རྒྱ་གཞུང་ལ་རྩིས་སྤྲོད་བྱ་རྒྱུའི་དུས་བཀག་གཙང་པ།


རྒྱ་ནག་གིས་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་བོད་ས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་མགོ་རྫོང་གི་ནང་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་བདག་ཉར་དང་ སྒྲིག་བཤོམས་མི་ཆོག་པའི་དམ་དྲག་བྱས་ཏེ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་ཚོང་འགྲེམས་བྱེད་མཁན་ཚོང་ཁང་ཁག་གིས་ སྐུ་དཔར་ཡོད་ཚད་ཚང་མ་ངེས་པར་དུ་ཕྱི་ཟླ་གཉིས་པའི་ཚེས་གཉིས་འགྱངས་མེད་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་རྩིས་སྤྲོད་དགོས་ཞེས་ ཟླ་བ་སྔོན་པའི་འགོ་སྟོད་དུ་བཙན་བཀའ་བཏང་བའི་དུས་བཀག་དེ་བཞིན་ད་ཆ་གཙང་གི་ཡོད་པ་རེད་ དེ་ཡང་ ཕྱི་ཟླ་དང་པོའི་ཚེས་༤བཞིའི་ཉིན་ བྲག་མགོ་རྫོང་ཁུལ་རྒྱ་ནག་གཞུང་གི་ལས་ཁུངས་གསུམ་གྱིས་ ཚོང་ཁང་གི་བདག་པོ་ཚོར་བཀོད་ཁྱབ་ཀྱི་ཡིག་ཆ་བཀྲམ་ཡོད་པ་དེའི་འདྲ་བཤུས་ཤིག་ ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་ཡོད་པ་དེའི་ནང་ ཏཱ་ལེའི་བླ་མའི་སྐུ་དཔར་བདག་ཉར་དང་ སྒྲིག་བཤོམས་བྱས་པའི་ཚོང་ཁང་གང་འདྲ་ཅིག་ཡིན་རུང་ སྐུ་དཔར་དེ་དག་བྲག་མགོའི་རིག་གཞུང་དང་སྒྲིག་ཁྲིམས་དོ་དམ་ལས་ཁུངས་ལ་ ཕྱི་ཟླ་གཉིས་པའི་ཚེས་༢འགྱངས་མེད་ རང་འགུལ་གྱི་ཐོག་ནས་རྩིས་སྤྲོད་བྱེད་དགོས་པ་ཡིན་ཞེས་དང་ གལ་ཏེ་རྩིས་སྤྲོད་དུས་ཐོག་ཏུ་མ་བྱས་པ་དང་ རྩིས་སྤྲོད་གཏན་ནས་མ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ་ ཉེས་ཆད་ཚ་ནན་གཏང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

XS
SM
MD
LG