ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༡༢/༠༧

ཐེ་ཝན་གྱི་དམངས་གཙོ་ཡར་རྒྱས་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་དུས་རབས་གསར་པ་བསུ་བ།


སྤྱི་ལོ་༢༠༡༦ལོའི་ཐེ་ཝན་གྱི་འོས་བསྡུ་ཆེན་མོའི་ཐོག་དམངས་གཙོ་ཡར་རྒྱས་ཚོགས་པར་སྲིད་འཛིན་དང་གྲོས་ཚོགས་ནང་རྒྱལ་ཁ་ཐོབ་སྟེ་ལྕམ་ཚའེ་དབྱིང་འུན་ཐེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་འདི་ཆགས་ཡོད།

གཟའ་སྤེན་པ་དང་ཚེས་༡༦ཉིན་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ཐོག་དམངས་གཙོ་ཡར་རྒྱས་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་དབྱིང་འུན་ལ་འོས་ཤོག་ས་ཡ་༦དང་འབུམ་༨༩ཐོབ་སྟེ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད། དེ་དང་དུས་མཚུངས་ད་ཐེངས་ཀྱི་འོས་བསྡུའི་ཐོག་ཐེ་ཝན་གྲོས་ཚོགས་ནང་ལ་ཡང་ཁྱོན་འཐུས་མི་༧༩ཡོད་པའི་ནང་ནས་དམངས་གཙོ་ཡར་རྒྱས་ཚོགས་པར་འཐུས་མི་༥༠ཞབས་སྟེགས་ཐོབ་ཡོད་ཅིང་། གོ་མིང་ཏང་ཚོགས་པར་ཞབས་སྟེགས་༢༤ དང་གསར་དུ་ཐོན་པའི་དུས་རབས་ཀྱི་སྟོབས་ཤུགས་ཞེས་པའི་ཚོགས་པ་གསར་པ་དེ་ལ་ཞབས་སྟེགས་གསུམ་ཐོབ་ཡོད་འདུག

ལྕམ་ཚའེ་དབྱིང་འུན་ཐེ་ཝན་གྱི་སྲིད་འཛིན་ལ་འོས་འདེམས་བྱུང་བའི་རྗེས་ཁོང་ནས་ད་རིང་གི་འོས་བསྡུའི་གྲུབ་འབྲས་འདི་ཐེ་ཝན་དམངས་ཁྲོད་ཀྱི་བསམ་བློའི་འཕེལ་ཕྱོགས་ཤིག་ཡིན་ཞིང་། རྒྱ་ནག་མི་སེར་རྒྱལ་ཁབ་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པས། འདི་ནི་ཐེ་ཝན་མི་དམངས་ས་ཡ་༢༣གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ཞིག་རེད། ང་ཚོའི་དམངས་གཙོའི་ལམ་ལུགས་དང་རྒྱལ་ཁབ་ཀྱི་ངོས་འཛིན། རྒྱལ་སྤྱིའི་སྤྱི་ཚོགས་ནང་གནས་ཐབས་ཐོག་ངེས་པར་དུ་གུས་ཞབས་ཐོབ་པ་དགོས་ཀྱི་ཡོད་པས། དེར་གང་རུང་གིས་དོ་ཕོག་བཏང་བ་ཡིན་ཚེ། མཚོ་ཁ་གཉིས་ཀྱི་འབྲེལ་བའི་གནས་སྟངས་ལ་གཏོར་བཤིག་འགྲོ་རྒྱུ་རེད་ཅེས་གསུངས་འདུག

སྤྱི་ལོ་༢༠༠༩ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ལ་ཆིབས་བསྒྱུར་གནང་སྐབས་ཐེ་ཝན་གྱི་ཀའོ་ཞུང་གྲོང་ཁྱེར་དུ་༧གོང་ས་མཆོག་ནས་སྐབས་དེ་དུས་ཐེ་ཝན་ལ་རང་བྱུང་གནོད་འཚེས་དཀའ་ངལ་འཕྲད་པའི་མི་ཚོར་ཐུགས་གསོའི་སྨོན་ལམ་ཆེན་མོ་ཞིག་ཚོགས་གནང་སྐབས་ལྕམ་ཚའེ་དབྱིང་འུན་ཆེད་བཅར་ཞུས་ཏེ་༧གོང་ས་མཆོག་མཇལ་ཁ་ཞུས་པ་དང་སྨོན་ལམ་འདིར་མཉམ་ཞུགས་གནང་མྱོང་ཡོད།

XS
SM
MD
LG