ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་སྐད་བརྒྱབ་མི་ཆོག་པའི་སྒྲིག་ཁྲིམས་ལ་དྲ་ལམ་དུ་ངོ་རྒོལ་བྱས་པའི་གྲུབ་འབྲས།


བོད་མདོ་སྨད་རེབ་གོང་ས་ཁུལ་གྱི་ཟ་ཁང་ཞིག་ཏུ་ལས་བྱེད་རྣམས་ལ་ལས་ཀའི་སྟེང་བོད་སྐད་བརྒྱབ་མི་ཆོག་པའི་སྒྲིག་གཞི་བཀལ་བར་དྲ་ལམ་ནས་ངོ་རྒོལ་རྒྱ་ཆེན་པོ་བྱས་ཏེ། མཐའ་མར་སྲིད་གཞུང་གིས་ཐག་གཅོད་གང་འཚམས་གནང་བ་ལས་འཕྲོས་ནས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་ཐད་རྒྱ་གར་ལྷོ་ཕྱོགས་ནས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་རབ་བརྟན་ལགས་གདན་འདྲེན་ཞུས་ཏེ་བགྲོ་གླེང་བྱས་ཡོད།

རེབ་གོང་ས་ཁུལ་གྱི་ཤང་ཡུན་ཟ་ཁང་གིས་ལས་བྱེད་རྣམས་ལ་ལས་ཀའི་སྟེང་བོད་སྐད་བརྒྱབ་ཚེ་སྒོར་ལྔ་བརྒྱ་སྤྲོད་དགོས་པའི་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་ཡི་གེ་དེ་དྲ་ལམ་དུ་ཐོན་རྗེས། སྐད་འཕྲིན་སོགས་སུ་གནས་ཚུལ་དེ་ལ་ཁ་རྡུང་གཏོང་མཁན་མང་དུ་སོང་བ་དང་། ཤང་ཡུན་ཟ་ཁང་གིས་དགོངས་དྭངས་ཞུས་ནའང་། མཐའ་མར་རེབ་གོང་རྫོང་གཞུང་གིས་ཟ་ཁང་སྒོ་བརྒྱབ་སྟེ། རྫོང་ཁོངས་ཀྱི་ལས་ཁུངས་ཁག་དང་ཁེ་ལས་དག་གིས་སྒོ་བྱང་དང་གཞུང་ཐམ། དཔང་ཡིག བརྡ་སྦྱོར་སོགས་ཀྱི་སྟེང་བོད་ཡིག་ངེས་པར་དུ་འབྲི་དགོས་པའི་བརྡ་སྦྱོར་བཏང་བ་རེད།།

ཐུབ་བསྟན་རབ་བརྟན་ལགས་ཀྱིས་བོད་ནང་གི་བོད་མི་ཚོས་རྩ་ཁྲིམས་ནང་བཀོད་པའི་ཐོབ་ཐང་གཞིར་བཟུང་སྟེ་འདི་ལྟར་འཐབ་རྩོད་བྱས་ན་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་སྲུང་སྐྱོབ་བྱེད་ཐུབ་པ་དང་། དམིགས་བསལ་གྱི་ནུས་འབྲས་དེ་འདྲ་ཐོན་ཐུབ་ཟེར།།

དེ་བཞིན་དུ་ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལམ་རིམ་གསུང་ཆོས་གནང་སྐབས། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ལས་བྱེད་རྣམས་ལ་དམིགས་བསལ་མཇལ་ཁ་གནང་སྟེ། བོད་ཀྱི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སྐད་ཡིག་དར་སྤེལ་གཏོང་བར་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེན་ཡིན་པའི་ཐད་བཀའ་སློབ་བསྩལ་གནང་བ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་ངོ་སྤྲོད་བྱས་ཡོད།།

XS
SM
MD
LG