ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལྟ་དགུང་གྲངས་༩༠ བཞེས་ཡོད་པའི་བྱེས་ཀྱི་རྡོ་རྗེ་བྲག་དགོན་པའི་དགོན་བདག་དང་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྤྱི་ལོ་༢༠༡༥ལོའི་སྤྱི་ཟླ་༡༢་ཚེས་བའི་ཚེས་༢༣ཉིན་གྱི་ཞོགས་པ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་ཡོད་ཅིང་ད་ལྟ་ཐུགས་དམ་དུ་བཞུགས་ཡོད་པ་རེད།

སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ནི་བོད་ཀྱི་དབུས་ལྷོ་ཁ་ཡར་འབྲོགས་ས་ཁུལ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༢༦ ལོར་སྐུ་འཁྲུངས་ཤིང། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ། ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་པ་ཡིན་འདུག རྒྱ་གར་ལ་ཕེབས་པའི་རྗེས་༡༩༨༡ ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁོངས་ཀྱི་སིམ་ལར་བྱེས་ཀྱི་རྡོ་རྗེ་བྲག་དགོན་པ་གསར་གཞེངས་མཛད་ཡོད་དུག

ཕྱི་ལོ་༢༠༡༢ ལོར་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་བཅས་ཀྱི་ལམ་སྟོན་བཀའ་སློབ་འོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པར་མངའ་གསོལ་མཛད་ཅིང་། དགུང་གྲངས་༨༥ལས་བརྒལ་བར་མ་ལྟོས་པར་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་གཙོ་བོར་གྱུར་བའི་ཕྱི་ནང་གི་གདུལ་བྱ་མང་པོར་དབང་ལུང་མན་ངག་གིས་བསྐྱངས་ཡོད་ཅིང་དགེ་སློང་གི་སྡོམ་པ་ཞུ་མཁན་དག་ལ་འདུལ་བའི་སྡོམ་རྒྱུན་སྤེལ་ཏེ་བསྟན་པའི་རྩ་བ་འདུལ་བ་བཀའ་དྲིན་ཆེན་པོས་བསྐྱངས་པ་བཅས་དེང་གི་དུས་སུ་ཤིན་ཏུ་དཀོན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན་པ་རེད་འདུག

XS
SM
MD
LG