རྒྱ་ནག་ལ་རྒྱུན་རིང་ལ་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོའི་ཁྲིམས་རྩོད་པ་གནང་མྱོང་མཁན་ཕུ་ཀྲི་ཆང་སྤྱི་ལོ་༢༠༡༤་ལོའི་སྤྱི་ཟླ་དྲུག་པའི་ནང་དུ་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཤིང་། ད་ལྟ་ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་རྗེས་སུ་ཁོང་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱེད་འདུག ཡིན་ན་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བརྗོད་ན་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མི་རྣམས་ལ་རྒྱ་ནག་གཞུང་གིས་ཁྲིམས་བཤེར་བྱ་རྒྱུ་ཡིན་ཞེས་པ་ནི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་འཁྲབ་སྟོན་ཞིག་ཡིན་པ་ལས། དོན་དངོས་སུ་རྒྱ་ནག་གི་ཁྲིམས་ལུགས་ནི་སྨྲ་བརྗོད་རང་དབང་ལ་སོགས་པའི་འགྲོ་བ་མིའི་ཐོབ་ཐང་བཀག་སྡོམ་བྱེད་སྤྱད་ཀྱི་ཁྲིམས་ལུགས་ཤིག་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་པ་རེད། གཟའ་འཁོར་རྗེས་མའི་གཟའ་ཟླ་བའི་ཉིན་ལ་རྒྱ་ནག་པེ་ཅིན་གྱི་མི་མང་ཁྲིམས་ཁང་དུ་ཕུ་ཀྲི་ཆང་་གིས་མི་རིགས་ཕན ཚུན་བར་དུ་འགལ་ཟླ་དང་རྩོད་གཞི་བསླངས་པའི་ནག་ཉེས་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱེད་རྗེས། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས། པེ་ཅིན་དུ་ཡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་༣༠ཙམ་ལ་གཟལ་ཟླ་བའི་ཉིན་ཕུ་ཀྲི་ཆང་ལ་ཁྲིམས་བཤེར་བྱེད་སའི་ས་གནས་སུ་གཞུང་ཚབ་སོ་སོའི་སྐུ་ཚབ་རྣམས་བཅར་ཏེ་ཁྲིམས་བཤེར་རིམ་པ་ལ་དྲང་བདེན་གྱི་གཟུར་གནས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ཕུ་ཀྲི་ཆང་ནི་རྒྱ་ནག་གི་སྐད་གྲགས་ཅན་གྱི་སཝྒྱུ་རྩལ་བ་ཨེ་ཝི་ཝི་ཡི་ཁྲིམས་རྩོད་པ་གནང་མྱོང་ལ། ཡང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུམ་ལགས་ཀྱི་ཁྲིམས་རྩོད་པ་ཡང་གནང་མྱོང་བ་རེད།