ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགན་འཛིན་ཁྲེན་ཆོན་ཀོ་ཡིས། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཁྲོད་དུ་བོད་ལྗོངས་ལ་དམིགས་བསལ་གང་ཡང་མེད། དེ་དང་མཉམ་དུ་ཏང་ཡོན་ལས་བྱེད་ཀྱི་ཁྲོད་དུ་ཆོས་ལུགས་ལ་མངོན་སུམ་སྒོས་དད་པ་མེད་ཁུལ་བྱེད་ནའང་ལྐོག་ཏུ་དད་པ་བྱེད་མཁན་དང་། རྒྱལ་མཚམས་བརྒལ་ཏེ་ཏཱ་ལའི་བླ་མ་ལ་མཇལ་དུ་འགྲོ་མཁན་རྣམས་ལ་གཟབ་ནན་གྱི་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་ཡོད།།

དེ་རིང་ཕྱི་ཟླ་༡༡་ཚེས་༩་ཉིན་གྱི་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་རྟོག་ཚགས་པར་སྟེང་གནས་ཚུལ་བཀོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་ཧྲུའུ་ཅིའམ་དམར་ཤོག་ཚོགས་པའི་ཚོགས་གཙོ་ཁྲེན་ཆོན་ཀོ་ཡིས་བོད་ལྗོངས་ནི་ས་མཐོ་ལ་གནམ་གཤིས་འཁྱག་པ་དང་དབྱང་དབུགས་ཉུང་བ། ཆ་རྐྱེན་ཞན་ནའང་། ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་ར་གཙོ་བོ་ཆགས་ཡོད་པ་དང་། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་བོད་ལྗོངས་ལ་དམིགས་བསལ་གང་ཡང་མེད་ཅེས་བཤད་ཡོད་ཟེར།།

ཁྲེན་ཆོན་ཀོ་ཡིས་ད་རུང་ལོ་འདིའི་ནང་ཆབ་སྲིད་སྒྲིག་ཁྲིམས་དང་འགལ་བའི་དོན་རྐྱེན་༡༩་ལ་ཞིབ་བཤེར་བྱས་ཏེ་མི་༢༠་ལ་ཆད་པ་བཅད་པ་ཡིན་ཟེར། དོན་རྐྱེན་འདི་དག་གི་ཁྲོད་དུ་དད་པའི་ཐད་ངོ་གཉིས་མ་ཟེར་བ་དང་། ༧གོང་ས་མཆོག་གི་མདུན་ལ་གསུང་ཆོས་ཞུ་རུ་འགྲོ་མཁན་སོགས་ཡོད་ཅེས་བསྟན་ཡོད། འགོ་ཁྲིད་འདི་ཡིས་ད་རུང་ཉེ་བའི་ལོ་འགའ་ཞིག་གི་རིང་བོད་རང་སྐྱོང་ལྗོངས་ནས་མི་གཅིག་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་གསུང་ཆོས་ཞུ་རུ་སོང་མེད་ཅེས་བཤད་ཡོད།།

ཀྲུང་གོ་བོད་ཀྱི་དྲ་བ་ཞུ་བའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ལོ་༢༠༡༤་ཟླ་དང་པོ་ནས་དྲུག་པའི་བར། བོད་རང་སྐྱོང་ལྗོངས་སུ་ལྐོག་ཟ་རུལ་སུངས་དང་ལྐོག་བརྔན་ལེན་པ་སོགས་ཀྱི་དོན་རྐྱེན་༣༧་ལ་ཞིབ་བཤེར་བྱས་ནས་མི་༤༡་ལ་ཆད་པ་བཅད་པ་དང་། ཟླ་བདུན་པ་ནས་༡༢་བར། བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་དཔེ་མཚོན་ཅན་གྱི་དོན་རྐྱེན་ཟེར་བ་༦༥་གསལ་བསྒྲགས་བྱས་ཏེ་མི་༦༩་ལ་ཆད་པ་བཅད་པ་ཡིན་ཟེར། ཆད་པ་ཕོག་མཁན་དག་གི་གྲས་སུ་ལྷོ་ཁ་ས་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་གཙོ་བྱས་མྱོང་མཁན་བློ་བཟང་ཚེ་རིང་ཀྱང་ཚུད་ཡོད་པ་རེད།།

༧གོང་ས་མཆོག་གི་གསུང་ཆོས་ཞུ་རུ་ཡོང་མཁན་གྱི་གྲས་སུ་ཉེ་བའི་ལོ་འགའ་ཞིག་གི་ནང་རྒྱ་ནག་སྐམ་ས་ནས་ཡོང་མཁན་གྱི་རྒྱ་མི་མང་ནས་མང་དུ་འགྲོ་བཞིན་པ་རེད།།

XS
SM
MD
LG