ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ལོ་ངོ་༦༦རྗེས་མཇལ་འཕྲད་བྱུང་བ།


རེས་གཟའ་སྤེན་པ་དང་ཚེས་༧ཉིན་ཐེ་ཝན་གྱི་སྲིད་འཛིན་མྰ་དབྱིང་ཇུའོ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་སེང་གེ་ཕོར་གྱི་ཤང་རི་ལ་གསོལ་མགྲོན་ཁང་དུ་མཇལ་འཕྲད་བྱུང་ཡོད་ཅིང་། ཆེས་མཐོའི་དཔོན་རིགས་རྣམ་གཉིས་ནས་ད་ཐེངས་ཀྱི་མཇལ་འཕྲད་འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དུམ་མཚམས་ཤིག་ཡིན་པར་ངོས་འཛིན་གནང་ཡོད་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་འདས་པའི་ལོ་ངོ་༦༦རིང་མཚོ་ཁ་གཉིས་ཀྱི་འབྲེལ་བའི་ཐད་ཆར་རླུང་གྱི་བར་ཆད་མང་པོ་བརྒྱུད་ནས་ཡོད་རུང་། མཚོ་ཁ་གཉིས་ནི་ཤ་ཁྲག་འབྲེལ་བའི་ནང་མི་སྤུན་མཆེད་ཞིག་ཡིན་པ་ནན་བརྗོད་བྱས་ཤིང་། ད་རིང་འགོ་ཁྲིད་གཉིས་མཇལ་འཕྲད་འདི་འདས་པའི་ལོ་ངོ་བདུན་རིང་མཚོ་ཁ་གཉིས་ཀྱི་ཡར་རྒྱས་འབྲེལ་བ་འདིའི་ཐོག་ནས་བྱུང་བ་ཞིག་ཡིན་པ་བརྗོད་ཡོད།

ཡང་ཐེ་ཝན་གྱི་སྲིད་འཛིན་མྰ་དབྱིང་ཇུའོ་ནས་འདས་པའི་ལོ་ངོ་༦༦རིང་མཚོ་ཁ་གཉིས་སྒྲིག་གཞི་མི་འདྲ་བའི་འོག་འཕེལ་རྒྱས་ཕྱིན་ཡོད་པ་དང་། དམག་དོན་གྱི་ཁ་གཏད་ནས་མཉམ་ལས་ཉམས་མྱོང་སྤེལ་རེས་ཐུབ་པའི་གྱུར་བ་ཕྱིན་ཡོད། འགྱུར་ལྡོག་ཆེན་པོ་འདི་རྣམས་ཀྱི་རྨང་གཞི་ནི་ཞི་བདེ་ཡིན་པ་བརྗོད་ཡོད། ད་ཐེངས་ཐེ་ཝན་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་མཇལ་འཕྲད་འདིར་ཚང་མས་དོ་སྣང་ཆེན་པོ་བྱས་ཤིང་། དཔོན་རིགས་གཉིས་ཀྱི་མཇལ་འཕྲད་གྲོས་མོལ་མཇུག་བསྒྲིལ་རྗེས་རྒྱ་ནག་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ཁང་གི་དཔོན་རིགས་ཀྲང་ཀྲེས་ཅུན་ནས་གསར་འགོད་ལྷན་ཚོགས་ཐོག་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཡང་ཐེ་ཝན་ཕྱོགས་ནས་སྲིད་འཛིན་མྰ་དབྱིང་ཇུའོ་ནས་གསར་འགོད་ལྷན་ཚོགས་ཐོག་ད་ཐེངས་ཀྱི་མཇལ་འཕྲད་སྐོར་ལ་གསར་འགོད་པར་ངོ་སྤྲོད་བྱས་ཡོད།

XS
SM
MD
LG