ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧

ཨེ་ཤི་ཡ་ཁུལ་དུ་མི་གྲངས་ས་ཡ་ཕྱེད་ཀ་ཙམ་ཞིག་རང་འབྱུང་ཁམས་ཀྱི་གནོད་འཚེ་བྱུང་སྟེ་འདས་གྲོངས།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རེས་གཟའ་མིག་དམར་ཉིན་བཏོན་པའི་སྙན་ཐོ་ཞིག་གི་ནང་ ཕྱི་ལོ་༢༠༠༥ལོ་ནས་༢༠༡༤ལོ་བར་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ རང་འབྱུང་ཁམས་ཀྱི་གནོད་འཚེ་ལ་སོགས་པའི་རྐྱེན་ངན་ཁག་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་སྐོར་ཞིག་བྱུང་སྟེ་ ཁྱོན་བསྡོམས་མི་གྲངས་འབུམ་ཕྲག་ལྔ་ཙམ་ཞིག་ལ་སྲོག་སྐྱོན་བྱུང་ཡོད་ལུགས་འགྲེལ་བརྗོད་བྱས་པ་དང་འབྲེལ་ དེ་ནི་འཛམ་གླིང་སྤྱིའི་ཁྱོན་འབོར་གྱི་བརྒྱ་ཆ་༤༠ལྷག་ཡིན་པ་མ་ཟད་ ད་དུང་རྐྱེན་ངན་དེ་དག་གི་ནང་ མི་གྲངས་ཐེར་འབུམ་གཅིག་དང་ དུང་ཕྱུར་བཞི་ལ་གནོད་སྐྱོན་དང་གོད་ཆགས་བྱུང་ཡོད་པ་དེ་ནི་ འཛམ་གླིང་ཁྱོན་ཡོངས་སུ་དེ་འདྲའི་གོད་ཆགས་བྱུང་བའི་ཁྱོན་འབོར་གྱི་བརྒྱ་ཆ་༨༠ཟིན་པ་རེད་ཅེས་བརྗོད་ཡོད་འདུག་ཅིང་ ཞིབ་འཇུག་གི་སྙན་ཐོ་དེ་ནི་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཁང་གིས་བཏོན་པ་ཞིག་ཡིན་ཞིང་ དེའི་ནང་མུ་མཐུད་དེ་ གོང་ཞུས་དུས་ཡུན་དེའི་རིང་ འཛམ་གླིང་ནང་ནས་རྐྱེན་ངན་གྱི་རིགས་བྱུང་མང་ཤོས་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རང་འབྱུང་ཁམས་ཀྱི་གནོད་འཚེ་ཐེངས་མང་པོ་དེ་ལྟ་བུ་བྱུང་བའི་རྐྱེན་གྱིས་ མངའ་ཁུལ་དེའི་ཡུལ་གྲུ་ཁག་ལ་དཔལ་འབྱོར་གྱི་ཐད་ ཨ་སྒོར་ཐེར་འབུམ་༥༢༣གྱོང་རྒུན་བྱུང་ཡོད་པ་དེ་ནི་ འཛམ་གླིང་ཁྱོན་ཡོངས་ཀྱི་བསྡོམས་འབོར་གྱི་བརྒྱ་ཆ་༤༥ཟིན་གྱི་ཡོད་རེད་ཅེས་བརྗོད་པ་དང་འབྲེལ་ རྐྱེན་ངན་གྱི་ནང་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཇི་བྱུང་གི་གནས་ཚུལ་བསྡུ་རུབ་བྱ་རྒྱུའི་ཐབས་ལམ་གཅིག་འགྱུར་མེད་པ་དང་ རྐྱེན་ངན་བྱུང་བ་མང་པོ་ཕྱིར་བསྒྲགས་ཀྱང་བྱེད་ཀྱི་མེད་པ་སོགས་ལ་བརྟེན་ནས་ སྙན་ཐོ་འདིའི་ནང་བཀོད་པའི་གྲངས་འབོར་འདི་ཚོ་ཡང་ཆ་ཚང་བ་ཞིག་ཡིན་གྱི་མ་རེད་ཅེས་ནན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG