ཉེ་ཆར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཨཀ་སུ་ས་ཁུལ། ཏ་རིཀ་ཡུལ་ཚོའི་སོ་གྷན་རྡོ་སོལ་གཏེར་ཁ་སྔོག་ཡུལ་ཞིག་ཏུ་ཡུ་གུར་པ་ཁག་ཅིག་གིས་གཏེར་ཁ་རྐོ་མཁན་ཚོར་གྲི་བཙུགས་ཏེ། རྒྱ་གཞུང་གི་ཉེན་རྟོག་པ་༥་ཚུད་པའི་མི་༥༠་ཐམ་པར་སྲོག་སྐྱོན་བྱུང་ཡོད་དང་། ད་དུང་མི་༥༠་ལྷག་ལ་རྨས་སྐྱོན་བྱུང་བའི་ཕལ་ཆེ་བ་རྒྱ་མི་རིགས་ཡིན་པ་མ་ཟད། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེར་འབྲེལ་བ་ཡོད་པའི་མི་སྣ་དོགས་ཅན་༩་བྲོས་བྱོལ་དུ་སོང་ནས་རི་ལ་གབ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༡༠་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་མཐོ་རིམ་འགོ་ཁྲིད་ཨང་བཞི་བ་ཡུའི་ཀྲེང་ཧྲེང་གིས་ཞིན་ཅང་གི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་དུ་གཏམ་བཤད་བྱས་པ་ལྟར་ན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱ་དགོས་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་དྲག་སྤྱོད་ཁག་ལ་མཐའ་གཅིག་ཏུ་འཐབ་རྒོལ་བྱ་དགོས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་དྲག་ཟིང་ལངས་ཡོད་པ་ཚབས་ཆེའི་གནད་དོན་ཞིག་ལ་གྱུར་ཡོད་པ་དང་། ང་ཚོས་ཞིན་ཅང་ལ་དུས་ཡུན་རིང་པོར་སྤྱི་ཚོགས་བརྟན་ལྷིང་བསྐྲུན་ཐུབ་རྒྱུ་ཡིན་མིན་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པ་ངེས་པར་དུ་ངོས་ཟིན་དགོས་ཞེས་ཉེན་བརྡ་བཏང་ཡོད་པ་རེད།