ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་ཏེ་གཟའ་མིག་དམར་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་རང་སྐྱོང་ལྗོངས་ཟེར་བ་ཚུགས་ནས་ལོ་༥༠་འཁོར་བའི་དུས་དྲན་སྲུང་བརྩི་བྱ་རྒྱུ་ཡིན་པ་དང་། ད་རུང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས་པའི་ཐད། བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་རྒྱ་ནག་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཞིན་ཧྭ་ཡིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་༥༠་འཁོར་བའི་མཛད་སྒོ་དེ་ནི་སང་ཉིན་གཟའ་མིག་དམར་ཉིན་རྒྱལ་ས་ལྷ་ས་རུ་འཚོག་རྒྱུ་ཡིན་པ་རེད། ཀུན་དགའ་བཀྲ་ཤིས་ལགས་ཀྱིས་མཛད་སྒོ་འདི་ནི་བོད་མི་རྣམས་ལ་མཚོན་ན་འདས་པའི་ལོ་༥༠་ལྷག་གི་རིང་རྒྱ་ནག་གི་དམར་པོའི་དབང་སྒྱུར་འོག་ཏུ་དཀའ་ལས་སྣ་ཚོགས་མྱངས་པ་ཕྱིར་དྲན་བྱེད་པའི་དུས་དྲན་ལྟ་བུ་ཞིག་ཆགས་ཡོད་པ་དང་། བརྒྱུད་ལམ་ཁག་ཏུ་སྤྱི་ཚོགས་རྙིང་པའི་དཀའ་སྡུག་ཅེས་མང་དུ་བཤད་བཞིན་པ་དེ་ནི་མང་ཚོགས་ལ་མགོ་སྐོར་གཏོང་བའི་ཆེད་དུ་རེད་ཅེས་ཁ་སྣོན་བྱས་ཡོད།།

གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་འགྲེམ་སྤེལ་བྱས་པའི་བོད་ལྗོངས་རྒྱབ་ཤ་དཀར་པོའི་དེབ་དེ་ནི་ལོ་འདིའི་ནང་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་གཉིས་པ་དེ་ཡིན་ལ། དེ་འདྲ་ནི་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་མི་རིགས་གཞན་གང་ལའང་དེ་ལྟར་རྒྱབ་ཤ་དཀར་པོའི་དེབ་བཏོན་མྱོང་མེད་པ་དང་། དེབ་འདིའི་ནང་དོན་ནི་སྔར་བཞིན་ཡིན་པ་ལས་དམིགས་བསལ་གྱི་ནང་དོན་གསར་པ་གང་ཡང་མེད་ཅེས་ཀུན་དགའ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་པ་རེད།།

XS
SM
MD
LG