ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་དོན་ནི་ཨ་རི་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་གི་དོན་གཙོ་ཞིག་ཡིན།


奥巴马政府跨部会官员出席美中人权对话 (照片来源:美国国务院)

༄༅།།ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རི་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་ཐེངས་བཅུ་དགུ་བའི་ཐད་གསར་སྤེལ་ཚོགས་འདུ་བསྐོངས་ཏེ་བགྲོ་གླེང་ཞུས་པའི་གནད་དོན་སྣ་མང་ངོ་སྤྲོད་བྱས་ཡོད་ལ། བོད་ནང་དུ་གནད་དོན་ཚབས་ཆེན་པོ་ཡོད་པར་མཐོང་གི་ཡོད་ཅེས་གསུངས་ཡོད།། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་ཁང་གི་ཕྱག་རོགས་དྲུང་ཆེ་Tom Malinowski ནི་ཨ་རིའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ཡིན་པ་དང་། རུ་ཁག་དེའི་ཁོངས་སུ་ཕོ་བྲང་དཀར་པོ་དང་། ཨ་རིའི་ཚོང་དོན་ལས་ཁུངས། ཁྲིམས་ཞིབ། ཁོར་ཡུག་སྲུང་སྐྱོབ། ཕྱི་སྲིད་ལས་ཁུངས་ཀྱི་ཡན་ལག་ལས་ཁང་ཁག་ཅིག་གི་སྐུ་ཚབ་ཡོད་ཟེར།་དེ་བཞིན་དུ་རྒྱ་ནག་ཕྱོགས་ཀྱི་སྐུ་ཚབ་ནི་ཕྱི་འབྲེལ་ལས་ཁུངས་རྒྱལ་སྤྱིའི་ཚན་ཁག་གི་འགན་འཛིན་ལི་ཅོན་ཧྭ་ཡིས་སྣེ་ཁྲིད་དེ་འབྲེལ་ཡོད་ལས་ཁུངས་མང་པོ་ཞིག་གི་སྐུ་ཚབ་ཀྱིས་གྲུབ་ཡོད།། ཨ་རིའི་ཕྱག་རོགས་དྲུང་ཆེ་ཁོང་གིས་ཐོག་མར་གསལ་འདེབས་བྱས་དོན་དུ་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་ནི་གནད་དོན་འདི་ལ་བགྲོ་གླེང་བྱེད་པའི་གླེང་སྟེགས་མང་པོའི་ནང་གི་གཅིག་ཡིན་པ་དང་། ཕྱི་སྲིད་དྲུང་ཆེ་ཁེ་རེ་དང་གཞན་དག་གིས་ཐབས་ཇུས་དང་དཔལ་འབྱོར་བགྲོ་གླེང་དང་། མི་བུའི་བར་གྱི་འབྲེལ་ལམ་མཉམ་འཛོམས་ཀྱི་སྟེང་གལ་གནད་དུ་བཟུང་ནས་གླེང་སློང་བྱེད་པ་དང་། རྒྱ་ནག་གི་སྲིད་འཛིན་ཤིས་ཅིན་ཕིང་ཕྱི་ཟླ་དགུ་བའི་ནང་ཨ་རིར་སླེབས་སྐབས་འགྲོ་བ་མིའི་ཐོབ་ཐང་ནི་གཙོ་གནད་དུ་བཟུང་ནས་གླེང་སློང་བྱ་རྒྱུ་རེད་ཅེས་གསུངས་ཡོད།། ཨ་རིའི་ངོས་ནས་དོ་སྣང་བྱེད་བཞིན་པ་མང་པོ་ལས་ཐོག་མར་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་རྣམས་ལ་དམ་དྲག་བྱེད་བཞིན་པའི་ཐད་དོ་སྣང་བྱེད་བཞིན་པ་བསྟན་པ་དང་། ཁྲིམས་རྩོད་པ་དང་དོན་གཉེར་བ་༢༥༠་ལྷག་བཀག་ཉར་བྱས་ཤིང་། ཝང་ཡུ་དང་། ཀྲིག་ཧྲི་ཧྥིན། ལི་ཧི་ཕིང་། ལིག་ཞོ་ཡོན་སོགས་གང་མགྱོགས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བརྒྱབ་ཡོད། དེ་བཞིན་དུ་ན་ནིང་གློད་བཀྲོལ་བཏང་བའི་ཕུའུ་ཀྲི་ཆང་དང་ཀའོ་ཀྲི་ཧྲིན་ལ་མུ་མཐུད་དམ་དྲག་བྱེད་བཞིན་པའི་ཐད་གླེང་སློང་བྱས་པ་ཡིན་ཟེར།། རྒྱ་ནག་གཞུང་གིས་ཉེ་ཆར་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་གཏན་འབེབ་བྱས་པ་དེས་འཚེ་མེད་ཞི་བའི་ངང་སོ་སོའི་མངོན་འདོད་སྟོན་མཁན་རྣམས་ལ་དྲག་གནོན་བྱེད་སླ་བོ་རུ་བཏང་བའི་ཐད་ཨ་རིའི་ངོས་ནས་དོ་སྣང་བྱེད་བཞིན་པ་བསྟན་པ་དང་། གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ལ་དོ་དམ་གྱི་ཁྲིམས་གཞི་དེ་ཡིས་ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དང་མཉམ་འབྲེལ་བྱེད་པར་འགོག་རྐྱེན་མང་དུ་བཟོ་སྲིད་པ་བསྟན་པ་ཡིན་ཞེས་གསུངས་ཡོད།། བགྲོ་གླེང་དེའི་སྟེང་ཨ་རིའི་ངོས་ནས་རྒྱ་ནག་ནང་གི་བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་ལྔ་བཀག་ཉར་བྱས་པ་དང་། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ། དྲ་ལམ་ཁྲིམས་ཡིག་སོགས་ཀྱི་ཐད་གླེང་སློང་བྱུང་བ་དང་། བཙོན་འཇུག་བྱས་ཡོད་པའི་དགུང་ལོ་༧༡་ལ་སོན་པ་ཀའོ་ཡུ་ལགས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་པ་ཡིན་ཟེར།། ཆོས་དད་རང་མོས་ཀྱི་ཐད་ནས་བགྲོ་གླེང་བྱས་ཡོད་ལ། ཉེ་ཆར་ཀྲེ་ཅང་ཞིང་ཆེན་དུ་ཡུ་ཤུ་བ་དག་གི་ས་ནས་རྒྱ་གྲམ་གསལ་ཤིང་བཙན་འཕྲོག་བྱས་པ་དང་། ཤིན་ཅང་ནང་དུ་འདུ་བའི་གྲངས་ཉུང་མི་རིགས་ས་ཁུལ་དུ་དོན་འབྲས་ལྡན་པའི་འབྲེལ་མོལ་བྱ་རྒྱུ་གལ་ཆེན་པོ་ཡིན་ལ། དགེ་རྒན་ཆེན་མོ་Illam Tohti ལྟ་བུ་བཙོན་འཇུག་བྱས་པ་ནི་ཉེན་ཁ་ཆེན་པོ་ཡིན་པ་བསྟན་ཡོད།། ཕྱག་རོགས་དྲུང་ཆེ་ཁོང་གིས་མཐའ་མར་བོད་ཀྱི་ས་ཁུལ་ཁག་ཏུ་དམ་དྲག་ཉུང་དུ་བཏང་སྟེ་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་དང་ལྷན་དོན་འབྲས་ལྡན་པའི་འབྲེལ་མོལ་བསྐྱར་དུ་འགོ་འཛུགས་དང་། ཡང་སྲིད་ངོས་འཛིན་དང་འདས་མཆོད་སོགས་ནང་ཆོས་ཀྱི་ཆོ་གའི་རིགས་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བརྒྱབ་པ་ཡིན། དེ་བཞིན་དུ་ཕྱིར་ལན་འཇལ་གྱི་ངོས་ནས་ཕྱི་འབྲེལ་མི་སྣ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ནི་བོད་ཀྱི་ས་ཁུལ་ཁག་ལ་འགྲོ་བསྐྱོད་བྱེད་ཆོག་པ་བྱེད་དགོས་ཞེས་འབོད་སྐུལ་བརྒྱབ་པ་ཡིན་ཟེར།། གསར་སྤེལ་ཚོགས་འདུ་དེའི་སྟེང་གསར་འགོད་པས་བོད་དོན་ནི་མཐའ་མ་དེར་གླེང་སློང་བྱས་པའི་རྐྱེན་གྱིས་བོད་དོན་གྱི་གལ་ཆེའི་ཚད་དང་བོད་ནང་གི་གནས་སྟངས་ལ་གཟིགས་སྟངས་ག་རེ་ཡོད་པའི་དྲི་བ་དྲིས་སྐབས། ཕྱག་རོགས་དྲུང་ཆེ་ཁོང་གིས་བོད་དོན་ནི་འགངས་ཆེན་ཡིན་པར་ཐེ་ཚོམ་མེད་ལ། ནམ་རྒྱུན་དོན་གནད་དང་པོ་དང་མཐའ་མ་ནི་ཉན་མཁན་གྱི་སེམས་སུ་ངེས་པ་ཡིན་པས་མཐའ་མར་བཞག་པ་དེ་གལ་ཆུང་དུ་བརྩིས་པ་མིན་ཞིང་། བོད་ནང་དུ་གནད་དོན་ཚབས་ཆེན་པོ་ཡོད་པ་དང་། དེ་ནི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་པའི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོའི་ནང་གསལ་བོར་བཀོད་ཡོད་ཅེས་གསུངས་ཡོད།། ཨ་རི་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་ཐེངས་བཅུ་དགུ་བ་འདི་ནི་ཕྱི་ཟླ་བརྒྱད་པའི་ཚེས་༡༣་ནས་༡༤་ཉིན་གཉིས་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་པ་དང་། ཨ་རི་དང་རྒྱ་ནག་གི་ཐབས་ཇུས་དང་དཔལ་འབྱོར་བགྲོ་གླེང་ནི་ཕྱི་ཟླ་བདུན་པའི་ཚེས་༢༣་ནས་༢༤་བར་འཚོགས་པ་རེད།།

XS
SM
MD
LG