ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གི་སྐུའི་གྱ་སྟོན་ཆེད་དུ་བོད་མདོ་སྨད་དུ་གྱི་ལིང་རྟ་རྒྱུགས་ཆེན་མོ་འཚོག་འཆར་ཡོད་པ་དེ་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ནས་འབྲེལ་ཡོད་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཏེ། སྐུའི་གྱ་སྟོན་དང་འབྲེལ་བའི་དགའ་སྟོན་སོགས་ལ་དམ་དྲག་བྱེད་བཞིན་པ་རེད།།

དེ་ཡང་གྱི་ལིང་རྟ་རྒྱུགས་ཀྱི་བརྡ་སྦྱོར་ནང་བཀོད་དོན་ལ། བོད་མདོ་ཁམས་ཀྱི་སའི་ཆར་གནས་སུ་འཆའ་བའི་རིགས་རུས་གདུང་རྒྱུད་གཅིག་ཏུ་གཏོགས་པའི་སྤུན་གྲོགས་ལྷན་རྒྱས་ཀྱི་སྤྱན་སྔར། དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་མྱོས་བྱེད་ཤིང་མོ་ལུག་གི་ལོའི་ས་ག་ཟླ་བའི་ཚེས་༢༣་ཉིན་༼ཕྱི་ལོ་༢༠༡༥་ཟླ་༦་ཚེས་༡༠་༽ཉིན། ངེད་གྱི་ལིང་རྟ་རྒྱུགས་ཚོགས་པ་ནས་གུར་གུམ་ཆུང་རུང་སྨན་རྫས་དང་ཁ་བཏགས་ཆུང་རུང་ལྷ་རྫས་ཀྱི་དཔེ་ལྟར་སྐུའི་གྱ་སྟོན་དང་འབྲེལ་བའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་སྤྲོ་བརྒྱས་བསུ་བ་དང་ཆབས་ཅིག སྐུའི་ཞབས་བརྟན་གྱི་རྟེན་འབྲེལ་རྫས་མཚོན་དུ། རྟ་རྒྱུགས་མཁན་རེ་རེ་ནས་གནག་ཕྱུགས་རེ་ཚེ་ཐར་གཏོང་རྒྱུའི་ཁས་ལེན་བཅས་རྟ་རྒྱུགས་སྤྲོ་གཟིགས་ཀྱི་མཆོད་པ་གྱ་ནོམ་པ་རེ་བཤམ་འཆར་ཡིན་པས་ཕྱོགས་ཀྱི་འདོ་བ་རྟ་ཡི་བང་རྩལ་ལ་དུང་བའི་གཞོན་སྐྱེས་འགྲན་ཞུགས་པ་ཚོ་དུས་ལྟར་ཕེབས་པར་དགའ་བསུ་ཞུ་ཞེས་བཀོད་ཡོད་པ་རེད།།

འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་དྲུག་པའི་ཚེས་༥་ཉིན། རྒྱ་ནག་གཞུང་གིས་རྟ་རྒྱུགས་དེ་བཀོད་སྒྲིག་བྱེད་མཁན་གྱི་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཏེ་བཀག་ཉར་བྱས་ཡོད་པ་དང་། རྟ་རྒྱུགས་དེ་ལ་ཞུགས་མཁན་དང་ལྟད་མོར་འགྲོ་མཁན་ཚང་མའང་བཀག་ཉར་བྱེད་སྲིད་པའི་ཞེད་སྣང་སློང་བཞིན་ཡོད་ཟེར།། རྟ་རྒྱུགས་སའི་ས་གནས་ནི་རྨ་ཁུག་རྟ་རའི་རྨ་གཡང་རུ་ཆེན་པ་དང་།

རྟ་རྒྱུགས་ཁྲོད་རྒྱ་རྟ་རྒྱུགས་མི་ཆོག་པ་དང་། ཉིན་བཞིའི་རིང་རྟ་རྒྱུགས་ཀྱི་ལམ་ཐག་འདྲ་མིན་ནང་གཤིབ་རྒྱུ་བྱས་ཡོད། དེར་མ་ཟད་རྟ་རྒྱུགས་ཀྱི་རིང་ཆང་རག་སོགས་བཙོང་མི་ཆོག་ལ་རྒྱལ་སྐུགས་ཀྱི་རིགས་བྱས་མི་ཆོག གལ་སྲིད་བྱ་དགའ་ཐོབ་མཁན་རྣམས་བསྐྱར་དུ་རྒྱུགས་རྒྱུ་ཡིན་ཚེ་གནག་ཕྱུགས་གཞན་ཞིག་ཚེ་ཐར་གཏོང་དགོས་པ་སོགས་བཀོད་ཡོད་པ་རེད། ད་ལྟ་རྒྱ་ནག་གི་དམ་དྲག་ལ་བརྟེན་ནས་རྟ་རྒྱུགས་འདི་འཚོག་མི་ཐུབ་ཅེས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་བྱུང་།། བཞུགས་སྒར་དྷ་རམ་ས་ལ་རུ་ཕྱི་ཟླ་དྲུག་པའི་ཚེས་༢༡་ནས་ཉིན་གསུམ་རིང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་མཛད་སྒོ་རྒྱས་པ་ཞིག་འཚོག་འཆར་ཡོད་པ་རེད།།

XS
SM
MD
LG