འདས་པའི་རེས་གཟའ་སྤེན་པའི་ཉིན་ བལ་ཡུལ་ནང་ས་ཡོམ་འགུལ་ཚད་༧.༩་བྱས་པ་ཞིག་བྱུང་སྟེ། མི་གྲངས་ཁྱོན་༢༥༠༠ ཙམ་ལ་སྲོག་སྐྱོན་བྱུང་ཡོད་པ་དང་། མི་གྲངས་༥༠༠༠ ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་མ་ཟད། སྡོད་ཁྱིམ་དང་གཞུང་ལམ་སོགས་མང་པོར་གནོད་སྐྱོན་བསམ་ཡུལ་ལས་འདས་པ་བྱུང་བ་དང་། ས་ཡོམ་ལྟེ་བའི་རྗེས་ས་འགུལ་མང་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད། བལ་ཡུལ་ནང་ཧ་ཅང་བསྟོར་ཚབས་ཆེ་བའི་ས་ཡོམ་དེ་བྱུང་བ་དང་དུས་མཉམ་དུ། བོད་དང་དེ་བཞིན་རྒྱ་གར་གྱི་ཧི་མ་ལའི་མངའ་ཁུལ་གྱི་ས་ཁུལ་མང་པོ་ལ་ཡང་ས་ཡོམ་བྱུང་སྟེ། མིའི་ཚེ་སྲོག་དང་རྒྱུ་དངོས་ལ་གནོད་སྐྱོན་གང་འཚམས་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་སྤེལ་གསལ་ལ་གཞིགས་ན། བོད་ཀྱི་མཐའ་མཚམས་ས་ཁུལ་སྐྱིད་གྲོང་ཁུལ་དང་གཉའ་ལམ་ཁུལ། དེ་བཞིན་ དིང་རི་དང་ གཞིས་ཀ་རྩེ་ས་ཁུལ་ཁག་ལ་ཡང་ས་ཡོམ་རིམ་པ་མང་པོ་ཞིག་བྱུང་སྟེ། ཁྱོན་མི་གྲངས་༢༢ ཙམ་ལ་སྲོག་སྐྱོན་བྱུང་ཡོད་པ་དང་། མི་གྲངས་༥༥ ལ་རྨས་སྐྱོན་བྱུང་ཡོད་པ། གཞན་ཡང་། སྡོད་ཁྱིམ་ཧ་ཅང་མང་པོ་རྡིབ་སྐྱོན་དང་སེར་ཀ་འགས་པ་སོགས་བྱུང་ཡོད་པའི་གནས་ཚུལ་འདུག ཕྱོགས་མཚུངས། བལ་ཡུལ་དང་བོད་བར་གྱི་གཞུང་ལམ་གཙོ་བོ་དེ་ལ་གནོད་སྐྱོན་བྱུང་སྟེ། མི་རྣམས་འགྲོ་འོང་མི་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དང་། ས་ཡོམ་དངོས་གཞི་འདི་བྱུང་བའི་རྗེས་སུ་ས་འགུལ་མང་པོ་བྱུང་ཡོད་སྟབས། ད་ཆ་གཉའ་ལམ་ཁུལ་ནས་ས་གནས་མི་གྲངས་བདུན་སྟོང་ཙམ་ས་ཆ་བཙན་པར་གནས་སྤོ་བྱས་ཡོད་པ་དང་། དེ་བཞིན་ སྐྱིད་གྲོང་ཁུལ་ནས་མི་གྲངས་ལྔ་སྟོང་ཙམ་ས་ཆ་བཙན་སར་གནས་སྤོ་བྱས་ཡོད་ལུགས་ རྒྱ་ནག་གཞུང་གཉེར་གསར་ལམ་གྱིས་གནས་ཚུལ་སྤེལ་འདུག