ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འབྲི་སོག་སྦྲ་གསུམ་དུ་འཛིན་བཟུང་དང་རྟོགས་ལྡན་དགོན་དུ་ཆབ་སྲིད་བཙོན་པར་ཕེབས་བསུ།


ཕྱི་ལོ་༢༠༡༥་ཟླ་༤་ཚེས་༦། གཟའ་ཟླ་བའི་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་ཁམས་འབྲི་སོག་སྦྲ་གསུམ་ནང་ཕྱི་ལོ་༢༠༡༥་ནང་དམ་དྲག་དང་འཛིན་བཟུང་བཀག་ཉར་གྱི་གནས་ཚུལ་རིམ་པར་བྱུང་བའི་སྐོར་འབྲི་སོག་སྦྲ་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ་ངག་དབང་ཐར་པ་ལགས་ལ་བཅར་འདྲི་ཞུས་པ་དང་། རྔ་བ་རྟོགས་ལྡན་དགོན་གྱི་གྲྭ་བ་བཙོན་འཇུག་དུས་ཡུན་གཙང་ནས་ཕྱིར་དགོན་པར་སླེབས་པར་སྐྱ་སེར་གཉིས་ཀས་དགའ་བསུ་བྱས་ཡོད་པའི་ཐད་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ཀྱི་ཆོས་གྲོགས་ཤིག་ལ་བགྲོ་གླེང་ཞུས་པ་ཡིན།།

ངག་དབང་ཐར་པ་ལགས་ཀྱིས་ངོ་སྤྲོད་ཞུས་པ་ལྟར་ན། སོག་ཙན་དན་དགོན་པ་རུ་ལོ་འདིའི་ནང་ཉུང་མཐར་ཡང་སྐྱ་སེར་༡༢་འཛིན་བཟུང་བཀག་ཉར་བྱས་པ་དང་། དེ་བཞིན་དུ་ཤག་རོང་བོ་དགོན་དང་དྲིལ་མདའ་དགོན་སོགས་སུའང་འཛིན་བཟུང་བཀག་ཉར་བྱས་ཡོད་ཟེར།། ད་ལྟའི་ཆར་འབྲི་སོག་སྦྲ་གསུམ་ས་ཁུལ་དུ་ཁ་པར་གྱི་ལམ་ནས་འབྲེལ་བ་བྱ་རྒྱུ་ཧ་ཅང་ཁག་པོ་བཟོས་ཡོད་པ་དང་། ད་ལྟའི་གནས་སྟངས་ག་འདྲ་ཞིག་ཡིན་པ་གསལ་རྟོགས་ཡོང་ཁག་པོ་འདུག་ཟེར།།

ཡང་རྔ་བ་རྟོགས་ལྡན་དགོན་གྱི་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ནི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་ཕྱི་ལོགས་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་ཁྲིམས་ཆད་བཅད་དེ། ལོ་བདུན་རིང་གི་བཙོན་འཇུག་དུས་ཡུན་གཙང་རྗེས། ཕྱི་ཟླ་བཞི་བའི་ཚེས་༤་ཉིན་ཆོས་གྲོགས་དང་ཕ་ཡུལ་གྱི་མི་མང་གིས་བཙོན་ཁང་གི་སྒོ་ནས་དགོན་པའི་ནང་བར་ཕེབས་བསུ་རྒྱ་ཆེན་པོ་བྱས་ཡོད་པ་རེད།།

XS
SM
MD
LG