ཐེ་ཝན་གཞུང་གི་ལས་ཁུངས་ཆེ་ཁག་མང་པོའི་དྲ་ལམ་ནང་ རྒྱ་ནག་སྐམ་སའི་ནང་ནས་ལྐོག་འཛུལ་བྱས་ཏེ་ གནོད་སྐྱོན་བཏང་བའི་གནས་ཚུལ་ཧ་ཅང་མང་པོ་ཡོང་གི་ཡོད་པར་བརྟེན་ ཐེ་ཝན་གྱིས་ དྲ་གནས་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ཐད་ ཨ་མི་རི་ཀ་དང་མཉམ་ལས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་འདོད་པ་ཡོད་ཅེས་རྗོད་ཀྱི་ཡོད་པ་རེད་ དེ་ཡང་ དབྱིན་ཇིའི་རོཡི་ཏྲར་གསར་སྤེལ་ཁང་གིས་གནས་འདྲི་བྱས་པ་ཞིག་གི་ནང་ ཐེ་ཝན་གྱི་སྲིད་བློན་གཞོན་པ་སཱཡི་མཱན་ ཅང་གིས་ ང་ཚོ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་དགྲ་གཅིག་རང་ལས་གཞན་མེད་ གཅིག་དེ་སུ་ཡིན་པ་ནི་ ཁྱེད་ཀྱིས་ཤེས་གསལ་རེད་ དེས་མ་གཏོགས་གཞན་སུས་ཀྱང་ང་ཚོའི་དྲ་ལམ་ལ་གནོད་སྐྱོན་གཏོང་གི་རེད་དམ་ཞེས་བརྗོད་པ་དང་འབྲེལ་ རྒྱ་ནག་གཞུང་གི་མཐུན་འགྱུར་རོགས་རམ་ཡོད་པའི་མི་དེ་གྲས་ཀྱིས་ ཨ་མི་རི་ཀའི་གཞུང་སྒེར་གཉིས་ཀའི་དྲ་ལམ་གལ་ཆེན་ཁག་ལ་གནོད་སྐྱོན་སྔར་བས་ཆེ་བ་གཏོང་རྒྱུའི་ཆེད་དུ་ ཐེ་ཝན་ ཚོད་ལྟ་བྱ་ཡུལ་ཞིག་ལ་བེད་སྤྱོད་བྱེད་ཀྱི་འདུག་ཅེས་བརྗོད་ཡོད་པ་རེད་ སྐུ་ཞབས་ཅང་གིས་ ད་དུང་མུ་མཐུད་དེ་བརྗོད་དོན་ དེ་ལྟར་རྒྱ་ནག་གིས་ ད་ལྟ་ཐེ་ཝན་གྱི་དྲ་ལམ་ཁག་ལ་གནོད་སྐྱོན་མུ་མཐུད་དེ་གཏོང་གི་ཡོད་པ་མ་ཟད་ འབྱུང་འགྱུར་ཐེ་ཝན་བརྒྱུད་ནས་ཨ་མི་རི་ཀར་གནོད་སྐྱོན་གཏོང་རྒྱུའི་ཉེན་ཁ་ཡང་ཆེན་པོ་ཡོད་པ་བཅས་ལ་བརྟེན་ནས་ དཀའ་ངལ་འདིའི་རིགས་ལ་གདོང་ལེན་བྱ་རྒྱུའི་ཆེད་དུ་ ཨ་མི་རི་ཀས་རྒྱལ་ཁབ་མང་པོ་དང་མཉམ་དུ་ལོ་གཉིས་རེའི་མཚམས་སུ་དངོས་སྦྱོང་ཞིག་བྱེད་ཀྱི་ཡོད་པ་དེའི་ནང་ ཐེ་ཝན་མཉམ་ཞུགས་བྱ་རྒྱུའི་འདོད་པ་ཡོད་ཅེས་ ནན་བརྗོད་བྱས་ཡོད་འདུག