ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རེབ་གོང་ས་ཁུལ་གྱི་རྒྱ་རིགས་ལས་བྱེད་ཚོས་བོད་སྐད་སྦྱོང་དགོས་ཟེར།


མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་དམར་ཤོག་ཏང་གི་ལྷན་ཁང་གིས་བདུན་ཕྲག་སྔོན་མའི་ནང་རེབ་གོང་ཐོ་རྒྱ་གྲོང་རྡལ་དུ་རྨ་ལྷོ་ཁུལ་གྱི་ལས་བྱེད་པའི་བོད་ཡིག་རྒྱུན་བཀོལ་ཁ་སྐད་ཀློག་དེབ་ཞུ་བའི་དཔེ་དེབ་ཅིག་འགྲེམ་སྤེལ་གྱི་མཛད་སྒོ་འཚོགས་ཏེ། རྨ་ལྷོའི་ས་ཁུལ་གྱི་ལས་བྱེད་པས་བོད་ཡིག་བོད་སྐད་སློབ་པའི་བྱ་བ་དངོས་སུ་འགོ་ཚུགས་པ་བསྟན་ཡོད་ཅེས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད།།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་གནས་སུ་ཕྱི་ཟླ་གསུམ་པའི་ཚེས་༢༧་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྨ་ལྷོ་ཁུལ་གྱི་ལས་བྱེད་པས་སྐད་གཉིས་ལ་སློབ་སྦྱོང་བྱེད་པའི་བྱ་བ་དེ་ཉིན་རེའི་བྱ་བ་གལ་ཆེན་ཏུ་བརྩིས་ནས། འགོ་ཁྲིད་ཀྱི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ་དང་། སྐད་གཉིས་ལ་སློབ་སྦྱོང་བྱེད་པ་ནི་ལས་བྱེད་པའི་རྒྱུ་སྤུས་དང་ནུས་པར་ཚད་ལེན་བྱེད་པའི་རྣམ་པ་ཞིག་ཏུ་བརྩིས་ནས། སྐད་གཉིས་ཤེས་པའི་ལས་བྱེད་པ་སྐྱེད་སྲིང་བྱ་རྒྱུར་དམིགས་ཡོད་ཅེས་བཀོད་འདུག

ཀུན་གཟིགས་པཎ་ཆེན་རིན་པོི་ཆེ་སྐུ་ཕྲེང་བཅུ་བ་མཆོག་འཚོ་བཞུགས་ཀྱི་སྐབས་སུ་ང་ཕོད་ངག་དབང་འཇིགས་མེད་ལགས་དང་ལྷན་དུ་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་གནང་ནས། ཕྱི་ལོ་༡༩༨༧ཟླ་བདུན་པའི་ནང་བོད་རང་སྐྱོང་ལྗོིངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐོག བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག་ཟེར་བར་གྲོས་འཆམས་བྱུང་བ་དང་། དགོངས་དོན་དེ་བོད་ཀྱི་ས་ཁུལ་མང་པོར་སྤེལ་ཐབས་གནང་བ་རེད།།

ཕྱི་ལོ་༢༠༡༠་ལོའི་རྒྱ་ནག་གི་མི་གྲངས་སྡོམ་རྩིས་ཐེངས་དྲུག་པ་བྱས་པའི་སྐབས་སུ། རྨ་ལྷོ་ཁུལ་གྱི་སྤྱིའི་མི་གྲངས་ནི་༢༥༦༧༡༦་དང་། དེ་ལས་རྒྱ་མིའི་མི་གྲངས་ཀྱིས་བརྒྱ་ཆའི་༦་ཟིན་པ། བོད་རིགས་ཀྱི་མི་གྲངས་ནི་༡༧༥༩༧༨་དང་བརྒྱ་ཆའི་༦༨་ཟིན་པ། ད་རུང་ཁ་ཆེ་དང་ཧོར་རིགས། ཟ་ལར། སོག་པོ་སོགས་ཡོད་ཅེས་རྨ་ལྷོ་ཁུལ་གྱི་གཞུང་འབྲེལ་དྲ་རྒྱའི་སྟེང་གནས་ཚུལ་བཀོད་འདུག

XS
SM
MD
LG