ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱའི་བཙོན་ཁང་དུ་མནར་གཅོད་དྲག་པོ་མྱངས་བའི་གནས་ཚུལ་རྣམས་འགྲེལ་བརྗོད་བྱས་ཡོད་པ།


རྒྱལ་མཚན་སྒྲོལ་དཀར་ལགས་ཀྱིས། རང་ཉིད་རྒྱ་ནག་གཞུང་གིས་ལོ་བཅུ་གཉིས་ཀྱི་རིང་བཙོན་འཇུག་བྱས་པ་དང་། བཙོན་འཇུག་བྱས་པའི་དུས་ཡུན་དེའི་རིང་ལ་གདུང་སྦྱོང་མནར་གཅོད་དྲག་པོ་རྒྱུན་ཆད་མེད་པར་བཏང་སྟེ། ལུས་སེམས་གཉིས་ཀར་དཀའ་སྡུག་བཟོད་བརླག་མེད་པ་མྱང་དགོས་བྱུང་བའི་གནས་ཚུལ་རྣམས། ཕྱི་རྒྱལ་གྱི་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་ཅིང་། ཁོང་ནི། ཕྱི་ལོ་༡༩༩༠ཐམ་པའི་ལོར། བོད་ཀྱི་རྒྱལ་ས་ལྷ་སར། བོད་མི་རྣམས་ཀྱིས་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ། བོད་མི་དམངས་ལ་གཏམ་བརྗོད་རང་དབང་དང་། ཆོས་དད་རང་དབང་དགོས་པའི་འབོད་ཚིག་སྒྲོག་སྟེ། ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དེའི་ནང་ཞུགས་པར་བརྟེན། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ཐོག་མར་ལོ་བཞི་བཙོན་འཇུག་གི་བཀའ་བཅད་བཏང་བ་དང་། དེ་རྗེས་བཙོན་འཇུག་གི་བཀའ་བཅད་ཡང་བསྐྱར་ལོ་བརྒྱད་སྤར་ཏེ་ཁྱོན་ལོ་བཅུ་གཉིས་བཙོན་འཇུག་བྱས་པའི་ཆབ་སྲིད་ཀྱི་བཙོན་པའི་གྲས་ཤིག་རེད། རྒྱལ་མཚན་སྒྲོལ་དཀར་ལགས བཙོན་བཀྲོལ་ཐོབ་པའི་རྗེས་རི་ཀླུང་མང་པོ་བརྒྱབས་ཏེ་བལ་ཡུལ་དུ་བཙན་བྱོལ་ལ་འབྱོར་བ་དང་། དེ་ནས་ཡུ་རོབ་ཀྱི་ཡུལ་གྲུ་བྷེལ་ཇམ་ལ་སྐྱབས་བཅོལ་དུ་འབྱོར་ནས། ད་ལྟ་དེ་གར་གནས་སྡོད་བྱེད་བཞིན་པ་ཡིན་ཞིང་། འདི་ཟླའི་ཚེས་༡༤ཉིན། ཕྷི་རན་སིའི་རྒྱལ་ས་པེ་རིས་ནང་། ཡུ་རོབ་ཀྱི་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཆེན་མོ་ཞིག་སྤེལ་ཡོད་པ་དེའི་ནང་ཞུགས་ཏེ། གསར་འགོད་པར་གོང་གི་གཏམ་བཤད་དེ་དག་གནང་བ་ཞིག་ཡིན་པ་རེད།།

XS
SM
MD
LG