ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་ལ་དྲག་པོའི་གནམ་གྲུ་འཕུར་བསྐྱོད་ཐུབ་པའི་གྲུ་ཆེན་གཏོང་རྒྱུ་མིན་ཞེས་ ཨ་རིས་བརྗོད་ཡོད་པ།


ལྷོ་དང་ཤར་རྒྱ་ནག་རྒྱ་མཚོ་ཁུལ་གྱི་མཚོ་གླེང་བདག་དབང་གི་དཀའ་རྙོག་དེ་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཡོང་རྒྱུར། ཨ་མི་རི་ཀའི་དྲག་པོའི་མཁའ་དམག་གནམ་གྲུ་འཕུར་བསྐྱོད་དང་བབས་ཚུགས་ཐུབ་པའི་གྲུ་ཆེན་ཞིག འདི་ལོ་རྒྱ་ནག་ལ་མངགས་གཏོང་བྱ་རྒྱུའི་འཆར་གཞི་གང་ཡང་མེད་ལུགས་ཨ་མི་རི་ཀའི་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་རེས་གཟའ་པ་སངས་ཉིན་འགྲེལ་བརྗོད་གནང་ཡོད་ཅིང་། མགྲིན་ཚབ་པས་མུ་མཐུད་གསུངས་དོན་ལ། འདས་པའི་རེས་གཟའ་ཕུར་བུའི་ཉིན། ཨ་རི་དང་རྒྱ་ནག་གི་དམག་དོན་དཔོན་རིགས་ཚོ་ཐུག་འཕྲད་བྱས་ཏེ། འབྱུང་འགྱུར་རྒྱལ་ཁབ་གཉིས་དབར་དྲག་པོའི་དམག་དོན་འབྲེལ་ལམ་དང་མཉམ་ལས་བྱ་ཕྱོགས་ཐད་གྲོས་བསྡུར་བྱས་ཡོད་ཅིང་། འོན་ཏེ། ཨ་མི་རི་ཀའི་དམག་གི་གྲུ་ཆེན་ཁག་རྒྱ་ནག་ལ་མངགས་གཏོང་བྱ་རྒྱུ་མིན་ལུགས་ཨ་རིའི་དཔོན་རིགས་ཚོས་ནན་བརྗོད་བྱས་ཡོད་པ་འགྲེལ་བརྗོད་བྱས་འདུག རྒྱ་ནག་དང་ཨ་རི་གཉིས་ཀྱི་དམག་དོན་འབྲེལ་ལམ་ཤུགས་ཇེ་ཆེར་འགྲོ་བཞིན་པའི་ཆ་ཤས་སུ། འབྱུང་འགྱུར་ཨ་རིའི་དྲག་པོའི་གནམ་གྲུ་འཁྱེར་ཆེད་ཀྱི་དམག་གྲུ་རྒྱ་ནག་ལ་གཏོང་རྒྱུའི་གྲོས་འཆར་བཏོན་ཡོད་ཅིང་། འོན་ཏེ། རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོ་ཁུལ་ལ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་དང་སྲིད་བྱུས་ཁག་ལ་གཞིགས་ཏེ། གནམ་གྲུ་འཕུར་བསྐྱོད་ཀྱི་གྲུ་ཆེན་མངགས་གཏོང་བྱ་རྒྱུ་མིན་པ་ ཨ་རིའི་དཔོན་རིགས་ཚོས་ཐག་གཅོད་བྱས་ཡོད་པ་རེད། ཉེ་བའི་ཆར་ཞི་བདེ་རྒྱ་མཚོ་མངའ་ཁུལ་ལ་རྒྱ་ནག་གི་གནམ་གྲུ་དང་མཁའ་དམག་གནམ་གྲུས་ ཁྱིམ་མཚེས་ཡུལ་གྲུ་ཁག་གི་ཉ་གྲུ་དང་གྲུ་གཟིངས་དང་གདོང་ཐུག་བྱས་པའི་གནས་ཚུལ་རིམ་པ་ཞིག་བྱུང་མུས་ཡིན་པ་རེད།

XS
SM
MD
LG