ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ལྷན་ཚོགས་སུ་གསུང་བཤད་གནང་བ།


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ལྷན་ཚོགས་ཐེངས་ལྔ་པར་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་ཆོས་ལུགས་དང་འབྲེལ་བའི་དཀའ་རྙོག་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། ཆོས་ལུགས་ཚང་མར་བྱམས་པ་དང་བརྩེ་བ། ཞི་བདེ་བཅས་ལ་སློབ་སྦྱོང་བྱེད་དགོས་པ་གཅིག་མཚུངས་གསུང་གི་ཡོད། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་ཡོང་ཐབས་སུ་ཕན་ཚུན་དབར་གོ་བསྡུར་སྦྱང་བཤད་དང་། དག་སྣང་སྦྱོང་རེས་བྱེད་དགོས། བདག་ཉིད་ཆེན་པོ་གན་དྷིས་གསུངས་པའི་རྒྱ་གར་གྱི་ཆོས་ལུགས་ཚང་མར་འདྲ་མཉམ་བལྟ་རྒྱུའི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ནི་ཡང་དག་པ་ཞིག་ཡིན་ཞེས་གསུངས་ཡོད།།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་བཀོད་པ་ལྟར་ན། རྒྱ་གར་གྱི་གྲོང་ཁྱེར་པུ་ནེར་ནང་འཚོགས་པའི་ལྷན་ཚོགས་ཉིན་མཐའ་མའི་མཛད་སྒོར་རྒྱ་གར་རྒྱལ་ཡོངས་ནས་སློབ་མ་ཁྱོན་མི་གྲངས་ཆིག་ཁྲི་བརྒལ་བ་འདུ་འཛོམས་ཐོག་སྲིད་སྐྱོང་མཆོག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲི་གནང་བ་དང་། ཉིན་འདིར་སྲིད་སྐྱོང་མཆོག་ནི་ད་རུང་མཧཱ་ར་ཤི་ཏྲ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཧི་མཱ་ཅལ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག རྒྱ་གར་གྱི་དེ་སྔའི་ཕྱི་སྲིད་བློན་ཆེན་ནཊ་ཝར་སིངྒ་མཆོག རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་སོགས་དང་མཇལ་འཕྲད་གནང་ཡོད། གསུང་བཤད་གནང་མཁན་གྱི་གྲས་སུ་རྒྱ་གར་གཞུང་དང་གྲོས་ཚོགས། གསར་ཁང་། གློག་བརྙན་བཟོ་ཚོང་ཁང་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་ཡོད་འདུག

ཕྱི་ཟླ་དང་པོའི་ཚེས་ ༡༠ ཉིན་དབུ་འཛུགས་གནང་བའི་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་དེའི་ཐོག་ལོ་ལྟར་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ ༢༨ ནང་གི་སློབ་གཉེར་ཁང་ ༤༥༠ དང་མཐོ་སློབ་ཁང་ ༢༥༠༠༠ ལྷག་གི་ནང་ནས་ཆབ་སྲིད་དང་སྤྱི་ཚོགས་ལས་འགུལ་བའི་སློབ་མ་གྲངས་ ༡༢༠༠༠ བརྒལ་བ་རང་དབང་གི་ལམ་ནས་དཔྱད་འདེམས་བྱས་པ་བརྒྱུད་མཉམ་ཞུགས་གནང་གི་ཡོད། ལྷན་ཚོགས་འདིའི་དམིགས་ཡུལ་གཙོ་བོ་ནི་ན་གཞོན་སློབ་མ་ཚོའི་ཁྲོད་གཞི་རིམ་གྱི་མང་གཙོའི་གོ་རྟོགས་ཇེ་ཆེར་གཏོང་ཐབས་ཆེད་ཡིན་འདུག

XS
SM
MD
LG