ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ཆུང་དུ་འགྲོ་སྲིད་པ།


སྤྱི་ཟླ་དང་པོའི་ཚེས་བརྒྱད་ཀྱི་ཉིན། ཤི་རི་ལང་ཀའི་ནང་། སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དེའི་གྲུབ་འབྲས་ལ། འཛམ་གླིང་སྤྱི་དང་ལྷག་པར་དུ། རྒྱ་གར་དང་རྒྱ་ནག་གིས་དོ་སྣང་ཧ་ཅང་ཆེན་པོ་བྱ་རྒྱུ་ཡིན་ཞིང་། གང་ལགས་ཤེས་ན། འོས་འདེམས་ཀྱི་ནང་འགྲན་ཞུགས་བྱེད་མཁན་སྲིད་འཛིན་ལས་ཐོག་མཱ་ཧྣི་དྷ་ རཱ་ཇཱ་པཀ་སཱ་ནི། རྒྱ་ནག་དང་ཉེ་འབྲེལ་ཆེ་བའི་སྲིད་བྱུས་འཛིན་མཁན་ཞིག་ཡིན་པས། སྲིད་བྱུས་དེ་ལ་བརྟེན་ནས་ད་ཕན་རྒྱ་ནག་གིས་ཤི་རི་ལང་ཀའི་ནང་། ཨ་སྒོར་ཐེར་འབུམ་མང་པོ་མ་གནས་ཀྱིི་འཛུགས་བསྐྲུན་གྱི་ལས་འཆར་གཉེར་ཡོད་པ་མ་ཟད། ད་དུང་དེ་བས་ལས་འཆར་གཞི་རྒྱ་ཆེ་བ་གཉེར་རྒྱུའི་འཆར་གཞི་ཡོད་པ་རེད། ཁོང་གི་ཁ་གཏད། ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་མྷེ་ཏི་རི་པཱ་ལཱ་ སི་རི་སྷེ་ནཱ་ནི། སྲིད་བྱུས་དེ་ལ་ངོ་རྒོལ་ཤུགས་ཆེན་པོ་བྱེད་མཁན་ཞིག་ཡིན་ཞིང་། ཁོང་གིས་རྒྱ་གར་དང་། རྒྱ་ནག པ་ཀིསེ་ཏན། དེ་བཞིན། ཉི་ཧོང་བཅས་ཚང་མ་དང་འབྲེལ་བ་བྱེད་སྟངས་གཅིག་པ་བྱ་རྒྱུ་ཡིན་ཞེས་རྗོད་ཀྱི་ཡོད་པ་དེ་ནི། རྒྱ་ནག་དང་དམིགས་བསལ་གྱི་འབྲེལ་བ་ཉེ་པོ་བྱ་རྒྱུ་མིན་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་པ་མི་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། གལ་ཏེ་ཐེངས་འདིའི་འོས་འདེམས་ཀྱི་ནང་སྲིད་འཛིན་ལས་ཐོག་པ་ལ་ཕམ་ཉེས་བྱུང་བ་ཡིན་ན། རྒྱ་ནག་གིས་ད་ལྟ་གཉེར་བཞིན་པ་དང་། མ་འོངས་པར་གཉེར་འཆར་ཡོད་པའི་མ་རྩ་ཧ་ཅང་ཆེ་བའི་ལས་གཞི་དེ་ཚོར་གནོད་སྐྱོན་འབྱུང་སྲིད་པ་ཞིག་ཡིན་པ་རེད།།

XS
SM
MD
LG