བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ འཛམ་གླིང་འདིར་ འདས་པའི་དུས་རབས་བརྒྱ་ཕྲག་ཉི་ཤུ་པ་དེ་དྲག་སྤྱོད་ཀྱི་གོད་ཆགས་ཆེ་བའི་དུས་ཚོད་གཅིག་བྱུང་ཡོད་ནའང་ ད་ལྟའི་དུས་རབས་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པ་འདི་ ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་བ་བྱ་རྒྱུར་ སློབ་གྲྭ་ཁག་གི་ནང་ ཆོས་དང་མ་འབྲེལ་བའི་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་རྣམས་གོང་འཕེལ་གཏོང་རྒྱུའི་ཐད་སློབ་གསོ་རྒྱག་རྒྱུ་དང་ སློབ་ཚན་འཁྲིད་རྒྱུ་ནི་ ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་ཅེས་བཀའ་བསྩལ་འདུག་ དེ་ཡང་ སྤྱི་ལོ་གསར་པའི་ཚེས་༣ རེས་གཟའ་སྤེན་པའི་ཉིན་ རྒྱ་གར་གྱི་མངའ་སྡེ་མྷ་རཤ་ཏྲ་ཡི་གྲོང་ཁྱེར་ནཱ་ཤིག་གི་ནང་ བཟང་སྤྱོད་ཀྱི་ཐད་མང་ཚོགས་ལ་གསུང་བཤད་བསྩལ་བའི་མཛད་འཆར་ཞིག་བསྐྱངས་གནང་ཡོད་པ་དེའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གོང་གི་བཀའ་དེ་གནང་བ་ཞིག་ཡིན་པ་དང་ གསུང་བཤད་དེའི་ནང་མགོན་པོ་མཆོག་གིས་ད་དུང་མུ་མཐུད་དེ་ གཞི་རྐང་ མི་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྡལ་མི་འདོད་མཁན་གཅིག་པ་ཡིན་པས་ ཚང་མས་རང་ཉིད་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུའི་འདོད་པ་བྱེད་ཀྱི་ཡོད་ལ་ དེ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཀྱང་རེད་ དེ་ལྟར་ནའང་ ད་དུང་ང་ཚོར་སྡུག་བསྔལ་མང་པོ་ཞིག་ཡོང་གི་ཡོད་པ་དེ་དག་ནི་ བསམ་བློ་རྒྱ་ཆེན་པོ་གཏོང་མ་ཐུབ་པར་ རང་དོན་ཁོ་ན་བསམ་པའི་བྱ་སྤྱོད་ལག་བསྟར་བྱེད་པར་བརྟེན་ནས་ཡོང་གི་ཡོད་པས་ དོན་དམ་པའི་བདེ་སྐྱིད་དགོས་ན་ ངེས་པར་དུ་ཕྱོགས་ཡོངས་ཀྱི་ཐོག་ལ་བསམ་གཞིགས་བྱེད་པའི་ཐབས་ལམ་བསྟེན་རྒྱུ་དང་ ཆོས་ལུགས་ཕན་ཚུན་མཐུན་བསྒྲིལ་དང་བརྩི་བཀུར་དགོས་རྒྱུ་ སེམས་བཟང་པོ་བྱ་རྒྱུ་བཅས་ནི་ ཧ་ཅང་གི་གལ་ཆེན་པོ་ཡིན་ཞེས་བཀའ་བསྩལ་ཡོད་འདུག