ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲི་རུ་དབུ་གཞུང་གྲོང་ཚོའི་འགོ་ཁྲིད་བསད་པ་དང་བོད་མི་གཞན་ལྔ་བཅུ་འཛིན་བཟུང་།


འབྲི་རུ་དབུ་གཞུང་གྲོང་ཚོ་ནས་ཡིན་པ་ཕྷ་རན་སིའི་ནང་བཞུགས་མཁན་ཞིག་གིས་མིང་འདོན་བྱེད་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་འབྲི་རུ་ཁུལ་གྱི་གནས་ཚུལ་འདི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན་ཕྱི་ལོ་༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན་དེང་སྐབས་རྒྱ་ཤོད་སེན་ཚ་ཤང་ཁོངས་དབུ་གཞུང་གྲོང་སྡེའི་འགོ་ཁྲིད་འབའ་ཆེན་རྒྱལ་བ་འམ་ངག་དབང་སོན་ལམ་ཞུ་བ་རང་ལོ་༥༠ཡས་མས་ཤིག་ཡིན་པ་ཁོང་སེན་ཚ་ཤང་དུ་དམར་གསོད་བཏང་འདུག་པ་མ་ཟད། གྲོང་ཚོ་དེ་ནས་མི་གྲངས་ལྔ་བཅུ་ཙམ་ཞིག་འཇུ་བཟུང་བྱས་ཏེ་གཡང་ཤོད་ཤང་ལ་བཀར་ཉར་བྱས་མཐར་འབྲི་རུ་རྫོང་དུ་ཁྲིད་ནས་བཙོན་ཁང་དུ་བཅུག་འདུག་ཅིང་མིང་ཤེས་པ་ཁག་ཅིག་ནི་དཔའ་དགའ་དང་། ནད་མེད། དོ་རིལ། བཀྲ་ཤིས་བཅས་རེད་འདུག དོན་རྐྱེན་དེའི་གཞི་རྩའི་གནས་ལུགས་ཁ་གསལ་རགས་ཐབས་མ་བྱུང་ཡང། ཚོད་དཔག་བྱས་ན་དབུ་གཞུང་གྲོང་ཚོའི་འགོ་ཁྲིད་འབའ་ཆེན་རྒྱལ་བ་ལགས་རྒྱ་ཤོད་པད་དཀར་དགོན་པའི་གྲྭ་ཟུར་ཞིག་ཡིིན་པ་དང་། ཁོང་ནི་རང་མི་རིགས་ཀྱི་ལ་རྒྱ་ཆེ་ཞིང་ གཤིས་བཟང་ཅན་གི་མི་ཞིག་ཡིན་ཞིང་ལོ་མང་རིང་དབུ་གཞུང་གྲོང་ཚོའི་འགོ་ཁྲིད་དུ་བསྐོ་བཞག་བྱས་ཏེ་འགན་ཁུར་ཞུས་དང་ཞུ་མུས་ཡིན་པ་དང་། མང་ཚོགས་ཀྱིས་ཁོང་མོས་གུས་དང་གདེངས་འཇོག་ཚད་མེད་བྱེད་ཀྱིན་ཡོད་ནའང་རྒྱ་གཞུང་གིས་ཁོང་ལ་རྒྱུན་གཏན་ནས་ལྟ་སྟངས་ཡག་པོ་མེད་པ་ཚང་མས་ཤེས་གསལ་ཡིན་འདུག

XS
SM
MD
LG